amdopanda@yahoo.com

གཞི་ནས་རིག་གནས་གསར་བརྗེའི་སྐབས་ཀྱི་མངར་སྐྱུར་ལྡན་པའི་ཚོར་བ་དང་རྣམ་ཤེས་གསར་པ་ཞིག་འདི་ནས་འགོ་བརྩམས་པ་རེད།  ཉིན་གོང་གི་ཞལ་ལ་མ་ཟས་ཙམ་གྱི་གོང་ལ་ཐོན་སྐྱེད་རུ་ཁག་གི་འགན་འཛིན་ཁ་ཤས་ཤིག་དང་རྒྱ་མི་གསུམ་ར་སྐོར་ནང་དུ་འདུས་ནས་ང་གཉིས་འབྲོག་ཕྱོགས་སུ་ཞོར་ལས་ལ་ཕྱིན་པ་དེ་ནོར་འཕྲུལ་ཆེན་པོ་ཞིག་ལ་བརྩི་བཞིན་པ་དང་།  ཉིན་དེར་མང་ཚོགས་མདུན་ནས་ནག་ཉེས་ཐེར་འདོན་བྱ་རྒྱུའི་གྲ་སྒྲིག་བྱེད་འགོ་བརྩམས།  ཕོ་གསར་ལྔ་དྲུག་ཙམ་གྱིས་ཤིང་གི་གདུང་མ་རིང་པོ་གཅིག་ཁང་པའི་ཕར་ཕྱོགས་ནས་ཚུར་ཕྱོགས་སུ་གདུང་མ་རྐང་གཅིག་གི་ཟམ་པ་འདྲ་བོ་བཞག་ནས་ང་གཉིས་རྒྱབ་ལག་དཀྲི་གུ་འདྲ་ཞིག་བྱས་ཏེ་ཤིང་གི་གདུང་མ་དེའི་ཐོག་ནས་མར་ས་ལ་མ་ཐུག་ཙམ་ཞིག་བྱས་ནས་ནམ་ལ་བཏགས་པ་རེད།  ཉིན་གོང་གི་བར་དེ་མང་ཚོགས་ཚང་མ་ཐོན་སྐྱེད་རུ་ཁག་གི་ར་སྐོར་ནང་དུ་འཚོགས་ནས་མི་མང་ཚང་མར་བལྟ་རུ་བཅུག་པ་རེད།  སྐབས་དེའི་ཐོན་སྐྱེད་རུ་ཁག་གི་མི་སྣ་ཆེས་ངན་ཐག་ཆོད་པ་གཅིག་ཡོད་པ་དེ་ཡིས་ལག་ཏུ་རྟ་ལྕག་ཕྲ་མོ་གཅིག་བཟུང་ནས་ངའི་གཉིས་ཀྱི་སར་སླེབས་སོང་།  ཁོས་ད་དུང་ལྐོག་ནས་བཤད་པའི་རྣམ་འགྱུར་འདྲ་བོ་བསྟན་ནས་ང་གཉིས་ལ་བཤད་རྒྱུར་དེ་རིང་ང་ཚོར་ཐབས་གཞན་མེད་པར་འདི་ལྟར་མ་སོང་ཚེ་ངའི་ནང་མི་ཀྱང་ངས་གསོ་དཀའ་བ་དང་།  ཁྱེད་གཉིས་ནས་བཟོད་བསྲན་སྒོམ་དགོས་བ་དང་།  གལ་སྲིད་ཁ་ནས་ཨ་ཡོ་ཨ་ཙ་ཤོར་ན་སང་ཉིན་གྲོང་ཚོའི་མི་མང་ནས་ཆ་ལུ་རྒྱབ་ན་ཡག་པོ་མེད་པ་མ་ཟད།  ཁྱེད་གཉིས་ཀྱི་ནང་མི་ཉེ་རིང་ཚང་མས་ཀྱང་སེམས་འཁྲུལ་བྱེད་རྒྱུ་ལས་མི་གདའ།  དེ་ལས་བཟོད་ཟན་ཡག་པོ་གཅིག་བྱོས་ཅིག  ཅེས་ཟེར་ཞོར་དུ་ཆ་བསྡུ་ཡ་བསྡུ་ཡིས་རྡུང་རྡེག་བྱེད་པ་མ་ཟད། རྟ་ལྕག་གིས་ང་གཉིས་ལ་གྲངས་ཀ་མེད་པ་ཞིག་བཞུས།  སྐབས་དེར་ཁོ་གཉིས་ཀྱི་ཆུང་མ་གཉིས་རྒྱུགས་ཡོང་ནས་ཁོ་གཉིས་ལ་འཐམས་ཏེ་ངུ་འབོད་བྱེད་བཞིན་པ་མ་ཟད།  ད་དུང་ཐོན་སྐྱེད་རུ་ཁག་གི་འགན་འཛིན་དེ་ཚོ་ལ་དགོངས་དག་ཞུས་ཡང་ཕན་ཐོག་རྒྱུ་ཕར་ཞོག་ད་དུང་ཆུང་མ་གཉིས་ལའང་རྡུང་རྡེག་བྱེད་རྩིས་བྱས།  རྟ་ལྕག་གིས་ཐེངས་མ་བརྒྱད་ཅུ་ལྷག་བཞུས་བ་དང་ང་གཉིས་ཀྱང་དབང་བོའི་དྲན་པ་ཡང་ཤོར་ནས་ཅི་ཡིན་འདི་ཡིན་མི་ཤེས།  ཕྱི་དྲོད་ས་མ་རུབ་ཙམ་གྱི་བར་དེ་ཆུང་མ་གཉིས་ནས་རྩམ་པ་རྡོག་རྡོག་རེ་བརྫིས་ནས་ངའི་གཉིས་སར་སླེབས་སོང་། སྐབས་དེ་དུས་རྩམ་པ་རྡོག་རྡོག་གི་ལོ་རྒྱུས་བཤད་ན་ངོ་མ་ཡིད་མི་ཆེས་བའི་གནས་ཚུལ་རེད།  དེང་སྐབས་དུས་རབས་གསར་བའི་དུས་ཚོད་འདིའི་ནང་ནས་གཞོན་ནུ་ཕོ་མོ་ཚོ་དེ་འདྲའི་ལོ་རྒྱུས་བཤད་ན་ཡིད་ཆེས་མདོག་ཁ་བོ་མ་རེད།