དབང་སྐབས་སུ་དོལ་རྒྱལ་བསྟེན་མཁན་ཡོད་ན་མ་འདུག་རོགས།

མ་ཡི་མངལ་ནས་བཙས་མ་ཐག་ཏུ་བརྩེ་བ་ཟེར་བ་དེ་བུ་རང་གི་ངོས་ནས་མ་ལ་སྙིང་ཉེ་བ། མ་དེས་བུ་ལ་ཚུར་སྙིང་ཉེ་བ་ཞིག་བཙས་མ་ཐག་ནས་ཡོང་གི་འདུག དེས་མ་བུ་གཉིས་མཉམ་དུ་ཚུར་བསྡུ་ཐུབ་ཀྱི་ཡོད་རེད།གལ་ཏེ་བཙས་མ་ཐག་ཏུ་མ་དང་བུའི་ཕྱོགས་ལ་ཕ་རོལ་པོར་སྡང་བའི་བློ་ཞིག་ཡོད་ན་མ་བུ་མཉམ་དུ་འདུ་ཐུབ་ཀྱི་མ་རེད། མ་བུ་གཉིས་ཁ་བྲལ་བ་ཡིན་ན་ཕྲུ་གུ་འཚོ་ཡི་མ་རེད། དེར་བརྟེན་བརྩེ་བ་ཟེར་བ་དེ་ཚུར་བསྡུ་བར་བྱེད་མཁན་དེ་གཙོ་བོ་བཤད་ཀྱི་ཡོད་རེད། ང་ཚོའི་སྤྱི་ཚོགས་དེ་ཚུར་འདུས་ནས་འཚོ་དགོས་པས་བརྩེ་བ་ཟེར་བ་མེད་ཐབས་མེད་པ་རེད། གལ་ཆེན་པོ་རེད། ཁྱིམ་ཚང་གཅིག་གི་ནང་ལ་ཡིན་ཡང་ནང་མི་ཚང་མ་འཆམ་པོ་དང་མཐུན་པོ་ཡོད་ན་ཁྱིམ་ཚང་སྐྱིད་པོ་ཡོང་གི་རེད། དེ་དངུལ་གཅིག་པུས་བསྡུ་ཐུབ་རྒྱུ་ཁག་པོ་རེད། དབང་གིས་བསྡུ་རྒྱུ་ཁག་པོ་རེད། བརྩེ་བས་བསྡུ་དགོས་ཀྱི་རེད། དེར་བརྟེན་བརྩེ་བ་ཟེར་བ་དེ་མིའི་སྤྱི་ཚོགས་ནང་ལ་རང་བཞིན་གྱིས་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ཆོས་མེད་ནའང་མེད། སྐྱེ་བ་སྔ་ཕྱི་ཁས་མ་བླངས་ཀྱང་རུང། མི་བཟང་པོ་ཞིག་བྱེད་དགོས་པ་དེ་བསམ་བློ་ཡག་པོ་བཏང་ན་བདེ་སྐྱིད་ཀྱི་རྩ་བ་ལ་ཐུག་བསྡད་ཡོད་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད།
    ྋགོང་ས་མཆོག་གིས་མུ་མཐུད་དོལ་རྒྱལ་སྐོར་ལ་བཀའ་སློབ་གནང་དོན། བར་སྐབས་ཤིག་ལ་རྒྱལ་པོ་ཤུགས་ལྡན་ཟེར་བའི་དྲེགས་པ་ཅན་དེ་ཐོག་མར་ངས་མ་ཤེས་པར་བསྟེན་པ་རེད།  རིམ་པས་དོ་སྣང་དང་ཞིབ་འཇུག་བྱས་ཡོང་དུས་མ་འགྲིག་པ་ཞིག་ཆགས་ནས། རྒྱལ་པོ་ཤུགས་ལྡན་ལ་རྒྱུས་ཆེ་ཤོས་དེ་རྒྱལ་དབང་ལྔ་པ་རེད། ཁོང་གིས་ག་འདྲ་ཞིག་ལ་ངོས་འཛིན་གནང་ཡོད་པ་རེད་ཟེར་ན། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་དེ།། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན།། ཞེས་གསུངས་པ་རེད། ཚིག་དེའི་དོན་དག་ནི་སྨོན་ལམ་ལོག་པ་ཟེར་བ་དེ་རྒྱུའི་ཁྱད་པར། དམ་སྲི་འབྱུང་པོ་ཟེར་བ་དེ་ངོ་བོའི་ཁྱད་པར། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན་ཟེར་བ་དེ་བྱེད་ལས་ཀྱི་ཁྱད་པར་བཅས་ཁྱད་པར་གསུམ་ཕྱེས་ཡོད་པ་རེད།     དེ་འདྲ་ཞིག་ལ་ང་ཚོས་སྐྱབས་སུ་བཟུང་ན་ཡག་པོ་རྩ་བ་ནས་མི་འདུག  དེར་བརྟེན་ངས་གཙང་མ་བཞག་པ་རེད། གང་ལྟར་ྋགོང་ས་ལྔ་པ་ཆེན་པོ་དང་དམ་སེལ་ཡོད་པ་དང། སྐུ་མདུན་སྐུ་གོང་མས་དམ་དྲག་ཆེན་པོ་གནང་བ་རེད། དེར་བརྟེན་དོལ་རྒྱལ་བསྟེན་མཁན་ཚོ་སྐུ་གོང་མ་དང་དམ་སེལ་ཡོད་པ་ཞིག་ཆགས་ཀྱི་རེད། སྔ་མོ་ངས་བསྟེན་པ་རེད། ནོར་འཁྲུལ་དེ་ཤེས་ནས་ཉེས་པ་ཉེས་པར་མཐོང་ནས་བསྡོམས་པ་ཡིན་པས་དོལ་རྒྱལ་བསྟེན་མཁན་ཚོ་ང་དང་དམ་ཚིག་ཡག་པོ་མེད་མཁན་ཞིག་ཆགས་ཀྱི་ཡོད་རེད། བར་སྐབས་སུ་དཽལ་རྒྱལ་ཚོགས་པ་ཚོས་ང་ལ་ངོ་རྒོལ་བྱེད་པ་དང། སྐྱོན་བརྗོད་བྱེད་པ། ྋརྒྱལ་བ་རིན་པོ་ཆེ་བསམ་བཞིན་དུ་བསྟན་པ་བསྣུབ་མཁན་ལ་སྐྱེས་པ་རེད་ཅེས་བཤད་ཀྱི་འདུག དེ་ཁྱད་པར་གང་ཡང་མི་འདུག གང་ལྟར་དམ་ཚིག་བསྲེ་ལྷད་ཡོད་པ་ཞིག་ཆགས་ཀྱི་ཡོད་རེད། དབང་ཞུ་བའི་སྐབས་ལ་དོལ་རྒྱལ་བསྟེན་མཁན་དེ་འདྲ་ཡོད་པ་ཡིན་ན་མ་འདུག་རོགས་གྱིས་ཞེས་བཀའ་གནང་ཡོད་པ་རེད།
    སྤྱིར་ྋགོང་ས་མཆོག་གི་དགོངས་གཞི་ལྟར་ན། ྋརྒྱལ་དབང་ལྔ་པ་ཆེན་པོའི་ལམ་རིམ་འཇམ་དཔལ་ཞལ་ལུང་གི་བཀའ་ཆོས་ཆ་ཚང་གནང་རྒྱུ་ཡིན་རུང། དུས་ཚོད་ཀྱིས་རྐྱེན་པས་ཆ་ཚང་གནང་མ་ཐུབ་པར་རྒྱལ་བ་མི་འཁྲུག་པའི་བཀའ་དབང་གི་སྟ་གོན་གནང་ཡོད་པ་རེད། གསུང་ཆོས་སྐབས་སུ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་དང། འབྲི་གུང་ཆེ་ཚང་རིན་པོ་ཆེས་དབུས་པའི་བླ་སྤྲུལ་ཆེ་ཁག་མང་པོ་ཞིག་ཕེབས་ཡོད་པ་དང། ཕྱི་ཚེས་༢༣ ཉིན་ཨ་རི་དང་ཐེ་ཝན་སོགས་ནས་ཡོང་བའི་རྒྱ་རིགས་༤༠ ཙམ་ལ་དམིགས་བསལ་མཇལ་ཁ་ཀྱང་གནང་ཡོད་འདུག