བཙན་བྱོལ་བའི་མི་ལོ་ལྔ་བཅུའི་བུད་མེད་རྩོམ་པ་པོ་དང་བརྩམས་ཆོས་སྐོར་གླེང་བ།

གཅིག དབྱིན་ཡིག་ཐོག་ནས་རྩོམ་ཡིག་སྤེལ་མཁན།

བོད་མི་ཡུལ་གྱར་བ་བྱེས་སུ་འབྱོར་རྗེས་ཕྱི་ནང་ཁོར་ཡུག་དང་དགོས་མཁོའི་རྐྱེན་གྱིས་གཞུང་དམངས་ཕྱོགས་གཉིས་ནས་དབྱིན་ཡིག་སློབ་སྦྱོང་ཐད་ནུས་ཤུགས་ཆེ་ཙམ་བཏོན་ཡོད་ཅིང༌།དེའི་ནང་དབྱིན་ཡིག་ཐོག་ནས་རྩོམ་ཡིག་སྤེལ་མཁན་བུད་མེད་ཁག་ཅིག་དྲ་རྒྱ་ཁག་ནས་གསལ་ཐུབ་པ་དང༌།དབྱིན་ཡིག་དྲ་གནས་tibetwrites.orgསུ་བསྟན་འཛིན་གཡང་སྒྲོན་དང་ཨ་རིར་གནས་སྡོད་བསྟན་འཛིན་བདེ་སྐྱིད་ནས་དབྱིན་རྩོམ་ཁག་ཅིག་བྲིས་འདུག དེ་མིན་བསྟན་འཛིན་པདྨས་tibetwoldདྲ་རྒྱ་དེའི་རྩོམ་སྒྲིག་པས་འགན་འཁྱེར་མྱོང་ཞིང༌།དྲ་ལམ་དུ་རྩོམ་ཡིག་ཁག་ཅིག་ཀྱང་སྤེལ་ཡོད།ཨ་རིར་གནས་སྡོད་ལྡོང་པ་ཚེ་རིང་དབང་མོས་དྲ་ལམ་དུ་དབྱིན་དེབ་བཞི་ཙམ་སྤེལ་འདུག་པ་མང་ཆེ་བ་བོད་དོན་སྐོར་རེད་འདུག

 

དེ་མིན་སྨན་རྩིས་ཁང་གི་མཐོ་སློབ།སློབ་གྲྭ་གཞན་ཁག་གི་དུས་དེབ་འགར་དབྱིན་ཡིག་དང་བོད་ཡིག་ཕྱེད་ཀས་སྤེལ་བའི་རྩོམ་ནང་བུད་མེད་རྩོམ་པ་པོ་ཁག་ཅིག་ཡོད་པ་དང༌།ས་རྭ་མཐོ་སློབ་ཀྱི་དུས་དེབ་གངྒྰའི་བཞད་སྒྲ་ནང་མཐོ་སློབ་མ་ལྔ་བཅུ་ཡས་མས་ཙམ་གྱིས་རྩོམ་ལུགས་སྣ་ཚོགས་སྤེར་འདུག་ལ།ཉེ་དུས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་ཚེ་གཡང་གིས་བུད་མེད་སྐོར་གྱི་རྩོམ་ཡིག་ཕྱོགས་བསྒྲིགས་གནང་བའི་དེབ་ནང་བུད་མེད་ལྷན་ཚོགས་དབྱིན་ཡིག་ཐོག་ཉམས་ཞིབ་དང་གསར་འགོད་ལས་དོན་སྒྲུབ་མཁན་ཟླ་སྒྲོན་དང་ལས་བྱེད་བསྟན་འཛིན་པདྨས་དབྱིན་རྩོམ་ཁག་ཅིག་སྤེལ་ཡོད།དེ་མིན་དེ་སྔོན་བེལ་ཀོ་པི་ས་གནས་བུད་མེད་ཚོགས་པའི་བྱ་བ་སྒྲུབ་མྱོང་ཞིང༌།ལོ་ངོ་བཅུ་བདུན་རིང་སློབ་གྲྭ་ཁག་གི་དབྱིན་དགེ་གནང་མྱོང་བའི་སྐལ་བཟང་ལྷ་མོས་ཀྱང་དབྱིན་རྩོམ་བྲིས་ཡོད་འདུགསློབ་གྲྭ་ཁག་ལ་དཔེར་ན་སུ་ཇྰ་སློབ་གྲྭས་ཉེ་དུས་སློབ་དགེ་ཚོར་གཙོ་བོར་དམིགས་པའི་དབྱིན་དེབ་རྐང་རྗེས་དུས་དེབ་ཐེངས་གཉིས་ཙམ་སྤེལ་བའི་ནང་སློབ་དགེ་རྡོ་རྗེ་སྒྲོལ་མ་དང་བསྟན་འཛིན་བཟང་མོ།ཚེ་རི་གཡང་འཛོམས་སོགས་ཀྱི་དབྱིན་རྩོམ་སྤེལ་གྱི་ཡོད་འདུགསྨན་རྩིས་ཁང་མཐོ་སློབ་ཀྱི་གངས་རིའི་ལང་ཚོའི་ནང་གཞོན་ནུ་མ་འགས་རྩོམ་ལུགས་མི་འདྲ་བའི་ཐོག་ནས་དབྱིན་རྩོམ་སྤེལ་འདུག

 

དབུས་བུད་མེད་ལྷན་ཚོགས་ཀྱི་དུས་དེབ་ནང་ཕྱི་ལོ་2007ལོ་ནས་བཟུང་དབྱིན་བོད་གཉིས་ཀྱི་རྩོམ་འགྲན་གོ་སྒྲིག་གནང་བའི་ནང་ལོ་དང་པོ་ཉི་མ་འཚོ་དང་གངས་ལྷ་མོ།སྒྲོལ་དཀར་ལྷ་མོ་གསུམ་གོ་རིམ་བཞིན་བྱ་དགའ་དང་ལག་འཁྱེར་རག་པ་དང། གཞི་རིམ་ཁག་གི་རྩོམ་འགྲན་ནང་སྦིར་སུ་ཇ་བོད་ཁྱིམ་སློབ་བུ་ཕུར་བུ་འཚོ་དང་རྡ་སྟེང་བོད་ཁྱིམ་སློབ་མ་བློ་བཟུང་ཆོས་འཛོམས།མ་སུ་རིའི་གཏན་སློབ་ཀྱི་བློ་བཟང་ཆོས་འཛོམས་གསུམ་གྱི་རྩོམ་ཡིག་དེ་དག་དབྱིན་བསྒྱུར་བྱས་ཡོད་པ་རེད། ཕྱི་ལོ་2008ལོར་བང་ཆེན་གསར་ཁང་གི་དྲུང་ཆེ་བསྟན་འཛིན་པདྨ་དང་ལྡི་ལི་མཐོ་སློབ་ཀྱི་བསྟན་འཛིན་ལྷ་མོ།བེལ་ཀོབ་སློབ་གྲྭའི་སློབ་མ་ངག་དབང་ཆོས་ཉིད་གསུམ་གྱི་རྩོམ་ལ་གཟིགས་གསོལ་རག་ཡོད་ཅིང༌།ལོ་དེའི་ནང་དམའ་རིམ་སློབ་མའི་རྩོམ་འགྲན་ནང་བེལ་ཀོབ་སློབ་གྲྭའི་བསྟན་འཛིན་བདེ་སྐྱིད་དང་རྡ་སྟེང་སློབ་གྲྭའི་སློབ་མ་དོན་གྲུབ་སྐྱིད་དང་བསྟན་འཛིན་ཟླ་བ་གསུམ་གྱི་དབྱིན་རྩོམ་ལ་བྱ་དགའ་རག་ཡོད་པ་རེད། ཕྱི་ལོ་2009ལོར་བོད་ཡིག་གཞི་རིམ་རྩོམ་ཡིག་བྱ་དགའ་ཐོག་མ་གསུམ་སྟེ་སུ་ཇྰ་སློབ་གྲྭའི་བུམ་ཕྲེང་སྐྱིད་དང་གོ་པ་པུར་དཀོན་མཆོག་ལྷ་མོ།བསྟན་འཛིན་ཚེ་ལྷ་གསུམ་གྱི་བོད་ཡིག་མ་རྩོམ་དང༌།མཐོ་རིམ་སློབ་གྲྭའི་ནང་ས་རྰའི་སློབ་མ་གཟུངས་འདུས་སྐྱིད་དང༌། གཞན་ཡང་ཆབ་ལྷོ་གཡུ་སྒྲོན།བསྟན་འཛིན་པདྨ་གསུམ་གྱི་བོད་ཡིག་མ་རྩོམ་དབྱིན་བསྒྱུར་བྱས་ཡོད་པ་རེད།དེ་མིན་རང་གཞུང་ཕྱི་དྲིལ་སྡེ་ཚན་གྱི་ནོར་འཛིན་སྒྲོལ་མ་སོགས་བུད་མེད་གཞན་ཁག་ཅིག་ནས་ཀྱང་བུད་མེད་ལྷོན་ཚོགས་ཀྱི་དུས་དེབ་ནང་རྩོམ་ཡིག་སྤེལ་མྱོང་འདུག

 

གོང་བཞིན་ད་དུའང་དབྱིན་རྩོམ་སྤེལ་མཁན་གཞན་ཡོད་ངེས་ཀྱང་འདིར་མདོར་ཙམ་ལས་གསལ་ཐབས་མ་བྱུང༌།

 

གཉིས། རྒྱ་ཡིག་ཐོག་ནས་རྩོམ་ཡིག་སྤེལ་མཁན།

གུས་མོས་ཤེས་རྟོག་ལྟར་ན་ལོ་ལྔ་བཅུའི་རིང་བོད་མོ་རྒྱ་ཡིག་ཐོག་ནས་རྩོམ་ཡིག་སྤེལ་མཁན་གཉིས་བྱུང་འདུག་སྟེ།བུད་མེད་སྒྱུ་རྩལ་བ་མང་ས་པད་དཀར་དང་གངས་ལྷ་མོ་གཉིས་ཡིན།མང་ས་པད་དཀར་གྱིས་དེ་སྔོན་དུས་དེབ་དང་ཚགས་ཤོག་སྟེང་རྒྱ་ཡིག་རྩོམ་ལུགས་མི་འདྲ་བ་ཁག་ཅིག་སྤེལ་ཡོད་པ་དང༌།རྒྱ་ཡིག་སྙན་ངག་མ་རྩོམ་བོད་ཡིག་དང་དབྱིན་བསྒྱུར་རྒྱབ་གཉེར་འཚོལ་ཞིང་དཔར་འགྲེམས་བྱས་འདུགདེ་མིན་གངས་ལྷ་མོས་དྲ་ལམ་དུ་རྒྱ་ཡིག་རྩོམ་ཁག་ཅིག་དང་རང་གི་ལོ་རྒྱུས་དེབ་དེ་རྒྱ་སྒྱུར་གྱིས་དེབ་ཅིག་བསྐྲུན་ཡོད་པ་རེད།གཞན་ཡང་དེང་སུ་ཇྰ་སློབ་གྲྭའི་ཟམ་པ་དུས་དེབ་ནང་རྒྱ་ཡིག་ཐོག་རང་མོས་སྙན་རྩོམ་སོགས་འབྲི་མཁན་གསར་སྐྱེས་བུ་མོ་འགའ་ཡང་འཚར་ལོང་འབྱུང་བཞིན་པ་རེད།

 

གོང་གསལ་དབྱིན་རྒྱ་གཉིས་ནས་རྩོམ་ཡིག་སྤེལ་མཁན་བུད་མེད་འགའིི་མིང་ཙམ་བཀོད་པ་ལགས།

རང་རེ་བོད་ཀྱི་སྐད་ཡིག་ཐོག་ནས་རྩོམ་ཡིག་འབྲི་མཁན།

གཅིགདེ་སྔོན་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ལྟེ་གནས་ཀྱིས་དཔར་འགྲེམས་བྱས་པའི་སྐལ་བཟང་ལྷ་མོའི་བྲང་སྲོང་བསྟི་གནས་ཀྱི་རྨི་ལམ་ཡུན་ཅིག་ནི་ཡུལ་གྱར་བུད་མེད་རྩོམ་པ་པོ་དབུས་ནས་བརྗོད་བྱེད་ཚིག་དང་རྗོད་བྱ་དོན་གཉིས་གང་གིས་ཐད་ལའང་ཕུལ་དུ་བྱུང་བ་ཞིག་རེད་ལ།ཁོང་མོ་གཙོ་བོ་བོད་ཡིག་གི་ཤེས་ཚད་གཞན་དག་ལས་ཀྱང་བཟང་བ་དང༌།དེབ་ནང་བཅད་ལྷུག་སྤེལ་མ་གང་གི་ཐོག་ནས་ཀྱང་ཚིག་བརྗོད་སྙན་འཇེབས་ལྡན་ཞིང༌།བྱང་ཆ་དོད་པ།ནང་དོན་དུའང་སྐྱ་སེར་བུད་མེད་གཉིས་ཀྱི་དོན་གནད་དང་འབྲེལ་ནས་གླེང་སློང་གནང་བའི་བརྩམས་སྒྲུང་གི་གོ་རིམ་འབྲེལ་མཐུད་དམ་ཟབ་ཡོད་པ་བཅས་འདུག་སྙམ།གཞན་ཡང་ད་ཆ་ཁོང་མོས་ལས་གནས་བརྗེ་བསྒྱུར་གནང་ཞིང་ཕྱི་ནང་ཁོར་ཡུག་དང་དུས་ཁོམ་ཡོད་མེད་ཀྱི་གནས་སྟངས་དང་དཀའ་ངལ་ཡོད་སྲིད་ཀྱང༌།ཁོང་མོའི་རང་སྐད་ཀྱི་སྤུས་ཚད་ལེགས་པའི་ཐོག་བརྒྱུད་མཐུད་ཀྱི་རྩོམ་འབྲི་མ་ཐུབ་པ་དེ་ནི་ངེད་བཙན་བྱོལ་བུད་མེད་རྩོམ་པ་པོ་ཡོངས་ཀྱི་ཕམ་ཁ་དང་འཐུས་ཤོར་ཡང་རེད་སྙམ།

 

གཉིས།གཟུང་ཕྱུག་སྐྱིད་ཀྱིས་རང་མོས་སྙན་རྩོམ་ལ་གཙོ་བོ་འབད་འབུངས་རྒྱུད་མཐུད་གནང་ཞིང༌།ད་བར་སྙན་དེབ་བཞི་ཙམ་དཔར་འགྲེམས་ཐུབ་ཡོད་པ་དང༌།དེ་མིན་དཔྱད་རྩོམ་དང་འབོལ་རྩོམ་སོགས་རྩོམ་ལུགས་མི་འདྲ་བ་སྣ་ཚོགས་ནས་ཧུར་བརྩོན་ཆེན་པོས་རང་འཕྲིའི་འོས་འགན་དོགས་མེད་འཁུར་དུ་བླངས་མཁན་བཟང་སྤྱོད་དུ་བུད་མེད་རྩོམ་པ་པོ་གཞན་རྣམས་ཀྱིས་དམིགས་དཔེར་འོས་པའི་སྙིང་རུས་ཅན་གྱི་སྐྱེད་མ་ཞིག་ཡིན་ལ།ཁོང་མོའི་རྩོམ་གཤིས་ཀྱང་དལ་བབ་གཙང་རྒྱུན་ཞིག་དང་མཚུངས་ཤིང་ཡིད་སེམས་བག་འཕེལ་བ་དེ་ནི་རྩོམ་འབྲི་ནང་དོན་ཐོག་ནས་ཕྱིར་མངོན་བཞིན་འདུགཡིན་ཡང་ད་དུང་བསམ་བློ་དང་ནང་དོན་གྱི་ཕྱོགས་ནས་མཐོ་ཚད་དམ་བར་བརྒལ་གཞན་ཞིག་གི་ལྡིང་མཆོང་ལྟར་སྤྱི་ཚོགས་ཟང་ཟིང་གི་ངོ་གདོང་གསོན་པོ་མཚོན་ཐབས་ཀྱི་འབད་རྩོལ་གནང་སྐྱོང་ཡོང་བ་ནི་གུས་མོས་ཁོང་མོར་བཅངས་པའི་སྨོན་འདུན་དང་བསྐུལ་འདེད་ཅིག་ཅོག་ཡིན།

 

གསུམ།ཆུ་སྐྱེས་སྒྲོལ་མས་སྙན་རྩོམ་དེབ་སྤྲིན་བྲལ་ཟླ་བའི་འཛུམ་རླབས་དང༌།བོད་ཀྱི་བུད་མེད་རིག་པའི་སྐོར་ལོ་གཉིས་ལ་ཞིབ་འཇུག་གནང་ནས་བུད་མེད་ཀྱི་སྐོར་གླེང་བ་ཞེས་པའི་དེབ་གཉིས་གྲུབ་ཡོད་པ་མ་ཟད།རྩོམ་པ་པོ་རང་ངོས་མཐོ་སློབ་ཁག་ནས་རབ་འབྱམས་པ་སོགས་ཀྱི་རིག་གནས་ཐོན་ཡོད་པ་དང༌།བཙུན་དགོན་སྒྲོལ་མ་གླིང་གི་སློབ་དགེ་ལོ་མང་གནང་བའི་ཉམས་མྱོང༌།དེ་སྔོན་རྒྱལ་སྤྱིའི་འབྲེལ་ཡོད་ཚོགས་ཐོག་ནས་ཀྱང་བཙན་བྱོལ་བུད་མེད་རྩོམ་པ་པོའི་ངོ་ཚབ་ཚུལ་དུ་ལེགས་བྱང་སྤེལ་བའི་གོ་སྐབས་བཟང་པོ་བྱུང་ཡོད་པ་རེད།དེ་བཞིན་མུ་མཐུད་བུད་མེད་སྤྱི་ཡོངས་ཀྱི་ལས་དོན་ཐད་དོ་སྣང་མང་ཙམ་གནང་རྒྱུ་དང་།མ་འོངས་ཡུལ་གྱར་བུད་མེད་རྩོམ་པ་པོ་ཚོའི་མདུན་སྙེག་དང་འཕེལ་ཕྱོགས་སོགས་ཀྱི་ཆིག་སྒྲིལ་དང་སྣེ་ཤེན་དགོས་པའི་ཐད་ལྷོད་གཡེང་མེད་པར་འགན་འཁྲི་བླངས་པའི་རེ་སྨོན་ཞུ།

བཞི།ལྕགས་མོ་མཚོ་དེ་སྔོན་བོད་ནང་མཐོ་སློབ་ཏུ་ཞིབ་འཇུག་སློབ་མ་ཐོན་ཡོད་པ་མ་ཟད།བཙན་བྱོལ་དུ་འབྱོར་རྗེས་ཀྱང་ཨེ་ཤེ་ཡའི་རླུང་འཕྲིན་ཁང་དུ་བྱ་བ་གཉེར་ཞིང༌།བོད་ཕྱི་ནང་གཉིས་སུ་རྩོམ་ཡིག་གང་མང་སྤེལ་ཡོད་པར་གསལ་ལ།དམིགས་བསལ་དུ་ཁོང་མོས་དང་འདོད་ཆེན་པོས་བཙན་བྱོལ་ཕྱི་ཡུལ་ནས་བུད་མེད་རྩོམ་པ་པོས་གཉེར་བའི་གཡུ་ཞུན་དྲ་རྒྱ་ཐོག་མར་སྒོ་འབྱེད་གནང་ནས་ལོ་འགའ་སོང་བ་དང༌།དེང་སང་དེ་ལྕགས་མོ་མཚོས་སྒེར་གྱི་ཟིན་བྲིས་སུ་བསྒྱུར་ཡོད་ཀྱང༌།བུད་མེད་རྩོམ་པ་པོའི་རྩོམ་ཡིག་མང་པོ་སྤེལ་མ་ཐུབ་པ་ནི་བཙན་བྱོལ་བུད་མེད་རྩོམ་པ་པོ་ཡོངས་ཀྱི་འཐུས་ཤོར་ཞིག་ཡིན་ངེས་ལ།དེ་མིན་ཁོང་མོའི་རྩོམ་དེབ་ཅི་ཙམ་དཔར་མིན་སོགས་མི་གསལ་བས་ཞིབ་པར་གླེང་མ་སྤོབས།

 

ལྔ།རྩོམ་པ་པོ་ཚེ་རིང་སྐྱིད་སློབ་གྲྭའི་རྭ་བ་ནས་བཟུང་རྩོམ་ཡིག་ཁག་ཅིག་སྤེལ་འདུག་ལ།ད་བར་སྙན་རྩོམ་དེབ་ཕྲིང་གཉིས་ཙམ་དཔར་འགྲེམས་ཐུབ་པ་བྱུང་བ་མ་ཟད།བསམ་ཕོད་པ་དང་བཤད་ཕོད་པ།སྒྲུབ་ཕོད་པའི་སྤོབས་པ་བསྐྱེད་ཅིང༌།བཙན་བྱོལ་བུད་མེད་ཕྲོད་དུ་མཐོར་སྙེག་གི་བྱ་བཞག་ནང་ཡིད་འོངས་མའི་མཛེས་རིས་ཤིག་ཡིན་པ་མ་ཟད།ད་ལྟའི་ཆར་ཡང་བུད་མེད་ལྷན་ཚོགས་ཀྱི་ལས་དོན་དངོས་སུ་ཞུགས་ཏེ་བུད་མེད་ཀྱི་བྱ་བ་ཡར་རྒྱས་ཡོང་ཐབས་འབད་བརྩོན་གནང་བ་དང༌།སྤྱི་ཚོགས་དངོས་ཀྱི་ཉམས་མྱོང་བསྲག་ནས་ཡར་རྒྱས་ལ་མུ་མཐའ་མེད་སྟབས།བུད་མེད་ཚོས་རང་གཞན་གཉིས་ཕན་གྱི་འཇུག་སྒོར་ཞུགས་ཐབས་ཀྱི་དམིགས་དཔེར་སྟོན་ཐབས་དང༌།དེ་མིན་རྩོམ་རྩལ་གྱི་ཕྱོགས་ནས་ཀྱང་ད་དུང་གཏིང་ཟབ་ས་བསྙེག་ཐུབ་ཐབས་སུ་འབད་འབུངས་བརྒྱུད་མཐུད་གནང་བར་སྨོན།

 

དྲུགཉི་མ་འཚོ་དང་འཇམ་དཔལ་སྒྲོལ་མས་སློབ་གྲྭའི་དུས་ནས་སྙན་རྩོམ་ཕྱོགས་བསྒྲིགས་དེབ་ཅིག་འགྲེམས་སྤེལ་ཐུབ་པ་དང༌།དེའི་ནང་ཉི་མ་འཚོས་རང་གི་འཚོ་བ་དངོས་ཀྱི་མྱོང་ཚོར་ལ་བརྟེན་ནས་རྒྱུད་མཐུད་ཀྱིས་རྩོམ་ཡིག་དྲ་ལམ་དང་དུས་དེབ་ཁག་ཏུ་སྤེལ་ཡོད་པ་དང་།ཁོང་མོའི་བརྩམས་སྒྲུང་བག་མེད་སྒང་ཞེས་པར་གཅིག་པུར་མཚོན་ནའང་བཙན་བྱོལ་སྤྱི་ཚོགས་སུ་ཡུལ་གྱར་བ་ཚོའི་འཚོ་བའི་ཟུར་ཞིག་མཚོན་ཡོད་པ་མ་ཟད།ནང་དོན་འབྲེལ་མཐུད་ཟབ་ཅིང་ཚིག་རྙོགས་སྤང་བ་བཅས་ཀྱི་ལེགས་ཆ་ལྡན་འདུག་ལ།མུ་མཐུད་བརྩམས་སྒྲུང་རྩོམ་འབྲིའི་ཆེད་གཉེར་ལྟར་འཛིན་ཐུབ་ན་ཤིན་ཏུ་ལེགས་སོ་སྙམ་ཞིང༌།ད་བར་ལས་ཞོར་དུ་བརྩམས་སྒྲུང་དེབ་ཅིག་ཙམ་གྲུབ་ཡོད།འོན་ཀྱང་མུ་མཐུད་རྩོམ་འབྲིའི་འཇུག་སྒོར་ཞུགས་ནས་སྙིང་རུས་དང་སྤོབས་པས་ཕྱུག་པའི་མ་འོངས་ཕུལ་བྱུང་གི་བུད་མེད་རྩོམ་པ་པོ་ཞིག་ཆགས་ཐུབ་པའི་ཧུར་བརྩོན་གནང་ཞིག་ཅེས་གསོལ་འདེབས་སྙིང་ནས་ཞུའོ།

བདུན།གཞོན་ནུ་མ་རྩོམ་པ་པོ་གཟུངས་འདུས་སྐྱིད་ཀྱང་གོང་གསལ་བུད་མེད་གཞན་དང་མཚུངས་པའི་བོད་ཡིག་གི་རྨང་གཞི་སྲ་བརྟེན་ཡོད་པའི་ཐོག་ཡུལ་གྱར་སློབ་གྲྭ་ཁག་འགྲིམས་ཤིང༌།ད་ཆ་ས་རྭ་སློབ་གླིང་དུ་རང་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་དུང་སེམས་གཙང་མ་བཅངས་པའི་ཐོག་ཡུལ་གྱར་བུད་མེད་རྩོམ་པ་པོ་ཞིག་གི་ངོས་ནས་ཤེས་རིག་ལ་མཐོ་སྙེག་གི་སྤོབས་པ་སྐྱེད་བཞིན་འདུགདེའང་གཟུང་འདུས་སྐྱིད་ཀྱི་རྩོམ་ཡིག་ཐོག་ནས་ཁོང་མོས་གང་ཡང་སྨྲ་སྤོབས་པའི་རྣམ་པ་མངོན་གསལ་དོད་ཅིང་མུ་མཐུད་མཐོ་སློབ་མ་ཞིག་གིས་གང་ཅིའི་ཐད་ལ་འབད་འབུངས་གནང་སྐྱོང་དགོས་རྒྱུ་དང༌།དེ་མིན་གངས་སྒྲོན་དང་བུ་མོ་སྣང་མཛེས་སོགས་ཀྱིས་ཀྱང་རྩོམ་ཡིག་སྣ་ཚོགས་ཤིག་སྤེལ་བར་གསལ་བས་དེ་དོན་ཡིད་ལ་བཅངས་ནས་རྒྱུན་འཁྱོང་ཡོད་པར་མཛོད།

བརྒྱད།གངས་ལྷ་མོས་ཀྱང་ད་བར་རྒྱ་བོད་སྐད་ཡིག་གཉིས་ནས་རང་གི་ལོ་རྒྱུས་དེབ་གཉིས་དང༌།ཉེ་དུས་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་དཔར་འགྲེམས་ཐུབ་ཡོད་ཅིང༌།མུ་མཐུད་ངལ་དུབ་ཀྱིས་རྩོམ་འབྲིའི་འཇུག་སྒོར་ཞུགས་བཞིན་པ་ཡིན།

 

དགུ།བཙན་བྱོལ་བུད་མེད་རྩོམ་པ་པོ་ཁག་ཅིག་གི་རྩོམ་ཡིག་ཕྱོགས་བསྒྲིགས་འཚོལ་སྙེག་ནང་གོང་གསལ་རྩོམ་པ་པོ་འདུས་ཡོད་ཅིང༌།དེ་ཚོས་བརྩམས་སྒྲུང༌།ཚིག་བཅད་སྙན་ངག་དང་རང་མོས་སྙན་ངགལྷུག་རྩོམ་དང་འབོལ་རྩོམ་བཅས་སྡེ་ཚན་ལྔ་ནས་རྩོམ་ཡིག་ཁག་མི་འདྲ་བ་ཉེར་གཅིག་སྤེལ་ཡོད་ལ།དེའང་ཝ་ཎ་མཐོ་སློབ་བུད་མེད་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་པདྨ་ཆོས་སྒྲོན་དང་དྲུང་ཆེ་གཅེན་ཚ་གཡང་ཕྱུག་གཉིས་གཙོས་དཔར་སྐྲུན་གྱི་རྒྱབ་གཉེར་ཧུར་བསྐྱེད་གནང་ནས་གྲུབ་པ་ཡིན་ཞིང༌།ཁོང་མོ་གཉིས་རང་ངོས་ནས་ཀྱང་བོད་ཡིག་ཆུ་ཚད་ངེས་ལྡན་ཡོད་པའི་ཐོག་སློབ་གླིང་གི་དུས་དེབ་དང་དྲ་ལམ་ཁག་དུ་རྩོམ་ཡིག་སྤེལ་གྱི་འདུག་ལ།རང་རིགས་ཀྱི་སྐད་ཡིག་བེད་སྤྱོད་དེ་ཡུལ་གྱར་མཐོ་སློབ་གཞོན་ནུ་མ་ངོས་ནས་རིག་པའི་གནམ་འཕངས་གཅོད་པའི་འབད་བརྩོན་གནང་མཁན་གྱི་དམིགས་དཔེ་འོས་པ་དང༌།ཁོང་མོ་གཉིས་དང་གཟུང་འདུས་སྐྱིད།གངས་སྒྲོན་དང་སྣང་མཛེས་བཅས་ནི་ཤེས་ཡོན་རྭ་བའི་ནང་གི་རྒྱ་སེ་མེ་ཏོག་ཚོམ་བུ་དང་འདྲ་ཞིང༌།མ་འོངས་ཡུལ་གྱར་བུད་མེད་རྩོམ་པ་པོའི་དཔུང་ཁག་ཏུ་ཤེས་ལྡན་ཡོངས་ཀྱི་སྤོབས་པ་དང༌།ན་ཆུང་མ་གཞན་ཚོས་ཀྱང་དམིགས་དཔེ་བཟང་མོ་རེད།དེ་མིན་འཚོལ་སྙེག་དེབ་ནང་དུ་འདུས་མ་ཐུབ་པའི་བུད་མེད་རྩོམ་པ་པོ་དཔེར་ན།སྐལ་བཟང་ལྷ་མོ་དང༌།ཤེས་རབ་དགའ་ཚལ་གླིང་གི་སློབ་དགེ་འོ་ཞུགས་མཚོ།ས་རྰ་དང་དབུས་སྨན་རྩིས་ཁང་གསོ་བ་རིག་པའི་མཐོ་སློབ་གཞན་ཁག་ནང་གི་གཞོན་ནུ་ཤེས་ལྡན་མ་ཁག་ཅིག་དང༌།དེ་མིན་བཙུན་དགོན་ཁག་གི་བཙུན་མ་རྩོམ་འབྲི་མཁན་རྣམས་སོགས་འདུས་ཐུབ་མི་འདུག་སྟབས་མ་འོངས་དུས་དེབ་རྩོམ་སྒྲིག་དང་ཡུལ་གྱར་བུད་མེད་རྩོམ་པ་པོ་གང་མང་འདུས་ཐབས་ཐད་འབད་བརྩོན་ཡོད་པར་ཞུ།

བཅུ།ཤེས་རྟོག་བྱུང་བ་ལྟར་ན་ཕྱི་ལོ་1994ལོར་བཙན་བྱོལ་དུ་འབྱོར་ནས་སུ་ཇྰ་དང་གྷོ་པ་པུར་སློབ་གྲྭར་འགྲེམས་པ་དང༌།2007ལོར་ཤེས་རིག་ནས་སློབ་མ་རྩེ་ཕུད་ཀྱི་བྱ་དགའ་ཡང་ཐོབ་མྱོང་ཞིང༌།བལ་ཡུལ་གངས་དཀར་སྟི་སིའི་སློབ་གྲྭའི་སློབ་དགེ་བྱས་མྱོང་བ་མ་ཟད། དེ་སྔོན་བལ་ཡུལ་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་རྣམས་ལ་བོད་ཡིག་དགེ་རྒན་གནང་ཞིང༌།ད་ལྟའི་ཆར་ཨ་རིའི་ཧ་ཤིང་ཏྲོན་གྲོང་ཁྱེར་ནང་སློབ་གཉེར་གནང་བཞིན་པའི་སྒྲོལ་དཀར་ལྷ་མོས་དེ་སྔོན་ཕྱི་དྲན་གྱི་རྨ་ཁ་ཞེས་པའིཤོག་གྲངས་བདུན་ཅུ་ཡས་མས་ཀྱི་སྲོལ་རྒྱུན་སྙན་ངག་དང་རང་མོས་སྙན་རྩོམ་གྱི་ཕྱོགས་བསྒྲིགས་དེབ་ཆུང་ཞིག་དཔར་སྐྲུན་ཐུབ་པ་བྱུང་ཡོད་འདུག་

བཅུ་གཅིགདེ་བཞིན་ཉེ་སྔོན་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་འགྲིམ་བཞིན་རང་ལོ་བཅོ་ལྔ་སོན་པའི་ན་ཆུང་རྩོམ་པ་མོ་རྣམ་རྒྱལ་ལྷ་མོས་ཀྱིས་སློབ་སྦྱོང་གི་གོ་རིམ་ནས་སྙན་རྩོམ་ཕྱོགས་དེབ་ང་དང་འབྲོང་གི་ཕ་ས་ཞེས་པར་ལེ་ཚན་བཞི་དང་ནང་གསེས་ཉེར་དགུ། ཤོག་གྲངས་དོན་བདུན་གྱི་དེབ་ཆུང་ཞིག་དཔར་འགྲེམས་ཐུབ་པ་བྱུང་བ་ནི་དངོས་བདེན་བུད་མེད་རྩོམ་པོ་པོ་ཚོའི་འབད་འབུངས་ཀྱི་རྒྱུན་ཐག་མ་ཆད་པར་མུ་མཐུད་བཞིན་པའི་སྔོན་བལྟས་བཟང་པོ་ཡིན་ལ་ན་ཆུང་མ་ཁོང་ཡང་ཡིད་འོངས་ཀྱི་མི་ཚེའི་མདུན་ལམ་དུ་ཤེས་རིག་གི་སྙིང་དོན་འཚོལ་སྙེག་ཐུབ་པའི་སྨོན་འདུན་སྙིང་ནས་ཞུས་ཡོད། གོང་བཞིན་དཔྱད་གཞི་ཡིག་ཆ་ཁག་ཏུ་བུད་མེད་གཞན་འགས་བོད་ཡིག་ཐོག་ནས་རྩོམ་ལུགས་མི་འདྲ་བ་འགའ་སྤེལ་འདུག་ཀྱང་འདིར་ཚང་མ་འདུས་མེད་སྟབས་དགོངས་དག་ཞུ།

མཇུག་གི་གཏམ།

གོང་གསལ་གནས་སྟངས་ཐོག་ད་དུང་ལོ་ལྔ་བཅུའི་རིང་རྒན་རབས་འགའི་རང་སྒེར་གྱི་ལོ་རྒྱུས་བརྩམས་དེབ་འབྲི་མཁན་ཁག་ཚུད་མེད་པ་དང༌།གོང་གི་ཡིག་ཚོགས་ཀྱང་གུས་མོས་བཙན་བྱོལ་ཡུལ་གྱི་བུད་མེད་རྩོམ་པ་པོ་ཚོའི་ཁ་ཕྱོགས་ཙམ་བཏོན་པ་ལས་དེ་དག་གི་བརྩམས་ཆོས་ལ་དཔྱད་བརྗོད་སྤེལ་བའི་ཤེས་འཇོན་དབེན་ཕྱིར་འདིར་འབྲེལ་ཡོད་ཚོར་དགོངས་གསོལ་ཞུ་རྒྱུ་ཡིན་ཡང༌།གོ་སྐབས་འདི་བརྒྱུད་ཡུལ་གྱར་བོད་མི་ཡོངས་ལ་ཞུ་རྒྱུ།སྤྱི་ཚོགས་ཀྱི་གནས་སྟངས་གང་འདྲ་ཡིན་ཡང་བུད་མེད་ཀྱི་ལས་དོན་ལ་རྟོགས་དཔྱོད་དང་བསྐུལ་འདེད་ཞན་པ་ཡིན་ན་བོད་མི་སྤྱིའི་གྱོང་རྒུད་ཉག་ཅིག་རེད།ངེད་ཡུལ་གྱར་སྤྱི་ཚོགས་སུ་བུད་མེད་མང་པོས་གཉེར་བཞིན་པའི་ལས་གནས་དཔེར་ན།ཚེམ་ཁང་དང་ཁྱིམ་ལས།ཟས་རིགས་གཡོ་བསྐོལ།བུད་མེད་ཀྱི་རྒྱན་གོས་དང་གླུ་གར།བུད་མེད་ཀྱི་མཛེས་དཔྱོད་ལྟ་བ།བུད་མེད་སྤྱིའི་འཕྲོད་བསྟེན་སྐོར།དེ་མིན་བུད་མེད་རིག་པའི་ཐོག་གཞུང་དང་སྡེ་ཚོགས་ཁག་ནས་རྣམ་གཡེང་མེད་པར་སྣེ་ཤེད་དང་དོ་ཁུར་དགོས་པ་ནི།ངེད་ཡུལ་གྱར་སྤྱི་ཚོགས་སུ་ཨ་མའི་ཕྲུ་གུ་གཉོར་སྐྱོང་ནས་འགོ་བཙུགས།བཙུན་དགོན་ཁག་གི་ལས་དོན་སོགས་བུད་མེད་སྐྱ་སེར་གཉིས་ཀྱི་ལས་དོན་ཡོངས་ནི་སྤྱི་ཚོགས་ཀྱི་རྩ་བའི་སློབ་གསོ་དང༌།སྤྱི་ཚོགས་རིག་པའི་རྨང་གཞི་སློབ་གསོའང་ཡིན་སྟབས་དེ་དག་སྣང་མེད་མ་འཇོག་པར་གནད་ཆེ་བའི་མ་ཡུམ་ཚོས་གཉོར་སྐྱོང་འོག་གི་མ་འོངས་ཡུལ་གྱར་བོད་མིའི་སྤྱི་ཚོགས་གང་སར་མདུན་ལམ་མ་ངེས་པའི་སོན་རྩ་རྣམས་ཀྱི་རྨང་གཞི་སློབ་གསོའང་ཡིན་སྟབས།བུད་མེད་ཅིག་ཡིན་པའི་ངོས་ནས་བོད་པ་ཚང་མས་བུད་མེད་ཀྱི་ལས་དོན་ཐད་དོ་ཁུལ་གནང་བའི་རེ་འདུན་སྙིང་ནས་ཞུའོ། །

གངས་ལྷ་མོས།

ཕྱི་ལོ་2009ཟླ་8ཚེས26ཉིན།

དཔྱད་གཞིའི་ཡིག་ཆ་ཁག་གཤམ་གསལ།

1། ཡུལ་གྱར་བུད་མེད་རྩོམ་པ་པོ་ཁག་ཅིག་གི་རྩོམ་ཡིག་ཕྱོགས་བསྒྲིགས་འཚོལ་སྙེག

2། ཤེས་བྱ་ཀུན་བཏུས་རྩོམ་སྒྲིག་ལྟེ་གནས་ཀྱི་ཁ་བ་དུས་དེབ།

3། བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གངས་ལྷ་མེ་ཏོག

4། བོད་གཞུང་སྨན་རྩིས་མཐོ་སློབ་ཁང་གི་གངས་རིའི་ལང་ཚོ།

5། སུ་ཇྰ་བོད་ཁྱིམ་གྱི་རྐང་རྗེས་དུས་དེབ།

6།སུ་ཇྰ་བོད་ཁྱིམ་གི་ཟམ་པ་དུས་དེབ།

7། སུ་ཇྰ་སློབ་གྲྭའི་སྐྱ་རེངས།

8། བཙུན་དགོན་སྒྲོན་མ་གླེང་གི་ཐེའུ་གསར་དུས་དེབ།

9། རྩམ་པ།

10། གངས་རྒྱུན།

11། ཝར་ཎ་མཐོ་སློབ་ཀྱི་དུས་དེབ་རིགས་རླབས།

12། ཝར་ཎ་མཐོ་སློབ་ཀྱི་ཞི་བདེའི་ཆུ་གཏེར།

13། རྒྱ་ཡིག་དྲ་ཐོག་བུད་མེད་ཀྱི་སྐོར།

14། www.tibetwrites.org

15/ www.Tibetanworld

16/ ས་རྭ་མཐོ་སློབ་ཀྱི་དུས་དེབ་གངྷྰའི་བཞད་སྒྲ

17།བུད་མེད་ལྷན་ཚོགས་ཀྱི་སྒྲོལ་མ་དུས་དེབ།

18། དུས་བབ་གསར་ཤོག

19། བོན་སྒོ།

20། གཞན་བརྒྱུད་ནས་ཤེས་རྟོག་བྱས་པ།