H1N1ནད་ཚ་འདི་འགོག་ཐབས་ཤིག
ངས་ཨ་རོགས་ཟེར་ནས་ཕར་དྲི་བ་ཞིག་བཏང་དུས། ཁོ་མོས་ཁྱེད་རང་ད་ལྟ་རླངས་འཁོར་ནང་དུ་འབུད་ཟིན་པ་ཡིན་ནམ་ཟེར། ངས་ཡིན། གནས་ཚུལ་ག་རེ་ཡོད་ཅེས་དྲིས་དུས། ཁོ་མོས་ཁྱེད་རང་ལ་འདུག་སྟེགས་རེག་སོང་ངམ་ཟེར། དེ་དུས་ངས་རྩེད་མཚར་གྱིས་ལན་དུ། རེག་མ་སོང་། ཡར་བླངས་དེ་འགྲོ་བཞིན་ཡོད་ཅེས་བཤད་དུས། ཁོ་མོས་རྐུབ་སྟེགས་མེད་པར་ཡར་བླངས་དེ་བསྡད་ན་རྐུབ་ན་ཡི་འདུག་གམ་ཟེར། ངས་རྐུབ་ན་ཡི་མི་འདུག་མོད། རླངས་འཁོར་ནང་དུ་གཤོང་གི་མི་འདུག་ཟེར་ནས་སླར་ཡང་རྩེད་མཚར་བྱས་པ་ཡིན། དེ་དུས་ཁོ་མོས་གཙོ་་བཤད་རྒྱུ་ཞིག་ལ། H1N1 ནད་ཚ་འདི་མི་འགོས་པའི་ཐབས་ལམ་དྲ་རྒྱ་ཁག་དུ་ཆེད་ལས་མཁས་པ་དག་གིས་བཤད་ཚུལ་ཡིན་ན། སྤྱི་སྤྱོད་རླངས་འཁོར་དུ་འགྲོ་བ་དང་། ཕྱི་ལོག་དུ་མི་ཚོགས་ཡོད་སར་འགྲོ་བ། ཅ་དངོས་གཞན་དག་ལ་ལག་པ་འཆིང་རྗེས་སུ། ལག་པ་མ་འཁྲུས་པར་རང་གི་ལག་པས་ཁ་དང་ངོ་སོགས་ལ་རེག་པར་བརྟེན་ནས་H1N1 ནད་ཚ་འདི་འགོས་སླ་བར་བཤད་འདུག་ན། ཁྱེད་ཀྱིས་ཅིས་ཀྱང་རང་གི་ལག་པ་ཡང་ཡང་འཁྲུ་དགོས། འདག་རྫས་ཞུགས་དེ་འཁྲུ་དགོས། གལ་ཏེ། ཆུ་མེད་ས་ནས་ངལ་གསོ་བ་སོགས་བྱེད་དུས་ངས་ཁྱེད་རང་ལ་སྤྲད་པའི་འདག་རྫས་གཤེར་ ཁུ་ཆུང་ཆུང་དེ་བེད་སྤྱོད་གཏོང་དགོས་ཟེར་ནས་བཤད་སོང་།
དེ་དུས་ངས་ཡ་ཡ་སེམས་འཁྲལ་མ་བྱེད། ང་རང་གིས་ལག་པ་ག་དུས་ཡིན་ཡང་ལས་ཀར་འབྱོར་མ་ཐག་ལག་པ་གཙང་མ་འཁྲུ་བཞིན་ཡོད་ ཅེས་བཤད་དུས། ཁོ་མོས་སླར་ཡང་H1N1ནད་ཚ་འདི་མ་འགོས་སྔོན་ལ་གཟབ་རྒྱུ་ལས། འགོས་ཚར་དུས་དཀའ་ལས་ཁག་ཙམ་རེད་ཟེར། དེ་དུས་ངས་ལགས་སོ། ཁྱེད་ཀྱི་ང་ལ་བཤད་དགོས་པའི་གནས་ཚུལ་དེ་ཡིན་ནམ་ཟེར་ནས་ཁ་པར་གྱི་སྒོ་བརྒྱབ་པ་ཡིན།
དེ་ནས་ང་རང་གིས་ཁ་སང་དེ་རིང་H1N1ནད་ཚ་འདི་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པར་ སྐྲག་སྣང་བྱེད་མཁན་དང་གླེང་མཁན་མི་ཉུང་བ་ཞིག་ཡིན་ཡང་། སྔོན་འགོག་ཐད་དུ་བསམ་ཚུལ་བརྗེ་རེའི་བྱེད་མཁན་ཉུང་བས་རང་རེའི་སྤྱི་ཚོགས་ལ་ དེའི་ཐད་ཀྱི་བསམ་ཚུལ་ཐུང་ཐུང་འདི་སྤེལ་ན་ཅུང་ཙམ་ཕན་དུ་སྙམ་ནས་བྲིས་པ་ཡིན།
གལ་སྲིད། ཐ་མག་འཐེན་མཁན་གྱི་རིགས་ཀྱིས་ཕན་ཚུན་གྲོགས་པོའི་བར་དུ་ཐ་ནག་ལྷན་འཐེན་མི་ བྱེད་པ། ཆང་རག་འཐུང་མཁན་ཚོས་ཨར་ཁང་སོགས་སུ་སོང་ཆང་འཐུང་ན། ཨ་རག་འཐུང་བྱེད་ཀྱི་ཤེལ་ཕོར་གཙང་མིན་ལ་བརྟག་དཔྱད་བྱེད་དགོས་པ། ལྷག་པར་དུ་གནད་འགག་ཆེས་ཆེ་བ་ཞིག་ནི། སྤྱི་སྤྱོད་གཙང་སྤྱོད་ཁང་དུ་འགྲོ་བ་སོགས་བྱེད་དུས་གཙང་སྤྱོད་ནང་གི་འདུག་སྟེགས་སྟེང་དུ་རབ་ན་མི་བཙོག་པ། གལ་སྲིད་བཙོག་པ་ཡིན་ན་ཕྱིར་སླེབས་མ་ཐག་ལག་པ་གཙང་མ་འཁྲུས་དེ་ཤོག་བུའི་གཙང་མ་བཟོ་བ། གཙང་སྤྱོད་ཀྱི་སྒོ་དང་། མགྲོན་ཁག་སོགས་ཀྱི་སྒོ་ལ་མི་མང་གིས་ལག་པ་འཆིང་གི་ཡོད་སྟབས། དེ་དག་ལ་ལག་པ་འཆིང་རྗེས་ཡིན་གཅིག་མིན་གཅིག་ལག་པ་འཁྲུ་དགོས་པ། བྱིས་པ་སོགས་སློབ་གྲྭ་འགྲིམ་མཁན་དག་ལ་ཕ་མ་དག་གིས་བྱིས་པ་ཚོ་ལ་ཕན་ཚུན་གྱི་ ཕོར་བ་བསྲེས་དེ་ཟས་མཉམ་དུ་མི་སྤྱོད་པ་དང་། ཁ་ལག་མ་ཟོས་སྔོན་དུ་ཕོར་བ་འཁྲུ་དགོས་པ། ལག་པ་གཙང་མ་འཁྲུ་དགོས་པ་སོགས་ཡིན་གཅིག་མིན་གཅིག་བཤད་དགོས། ད་དུང་། སྲང་ལམ་སོགས་ནས་ཅ་དངོས་གཞན་གྱིས་ལག་པ་འཆིང་ཟིན་པའི་རིགས་ལ་ལག་འཆིང་རྗེས་ ཡིན་གཅིག་མིན་གཅིག་ལག་པ་འཁྲུ་དགོས། ཕ་མ་བྱིས་པ་དམར་འཇར་ཡོད་མཁན་གྱིས་དམིགས་བསལ་གྱིས་ལག་པ་གཙང་མ་མ་འཁྲུས་པར་ བྱིས་པ་ལ་ལག་པ་མི་འཆིང་བ། དྲ་ཁང་དུ་འཛུལ་མཁན་དག་གིས་དྲ་རྒྱ་ཁག་ལ་ལག་པ་འཆིང་རྗེས་སུ་ལག་པ་འཁྲུ་བ། མདོར་ན་ཅ་དངོས་གང་ཞིག་ཡིན་ཡང་ལག་པ་འཆིང་རྗེས་སུ་འདག་རྫས་ཞུགས་དེ་ལག་པ་གཙང་མ་བཟོ་བ་ནི། H1N1ནད་ཚ་འདི་འགོག་ཐབས་ཀྱི་ཐབས་ལམ་ཡིན། གལ་སྲིད་ཆུ་མེད་ས་ནས་ལག་པ་ཅ་དངོས་སོགས་ལ་འཆིང་རྗེས་སུ་ལག་པ་འཁྲུ་རོགས་བར་ དུ་ཁ་ངོ་སོགས་ལ་གཏན་ནས་རེག་མི་ཉན། ཡིན་གཅིག་མིན་གཅིག་ཅ་དངོས་སོགས་ལ་འཆིང་རྗེས་སུ་འདག་རྫས་ཞུགས་དེ་ལག་པ་འཁྲུ་ བ་ནི་H1N1ནད་ཚ་འདི་སྔོན་འགོག་གི་ཐབས་ལམ་ཉེག་གཅིག་ཆགས་ཡོད་དུས། སྤུན་ཟླ་ཚང་མས་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། སྟོང་ནས་ཁྲི། ཁྲི་ནས་འཛམ་གླིང་ཡོངས་སུ་ཐབས་ལམ་འདི་གསུང་ཐུབ་པ་ཡིན་ན། H1N1ནད་ཚ་འདི་ལས་ཐར་བའི་འགན་འཁུར་བཞེས་པར་བཤད་ཆོག་པར་འདོད་ལ། འགྲོ་བ་མི་གཅིག་གི་ཚེ་སྲོག་ཡིན་ཡང་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་བྱས་པར་སྙམ་ ནས་དེ་རིང་ལས་གསེང་དུ་ཤར་མར་ཡིག་ཐོག་དུ་ཕབ་པ་ཡིན།
ཨོ་རེད། དམིགས་བསལ་གྱིས་སྤུན་ཟླ་དག་ལ་ཞུ་རྒྱུ་ཞིག་ལ་བོད་པ་ཚང་ལ་ང་སྣང་བཞིན་འདི་འདྲ་བསམ་མཁན་མི་ཉུང་བ་ཞིག་ཡོད། ལས་དབང་རེད། སྐྲག་ནི་ཅི་ཡོང་། ཤི་དགོས་ན་ནམ་ཡིན་རང་ཤི་འགྲོ་ནི་རེད་ཟེར་ནས་དོ་སྣང་མི་བྱེད་མཁན་ཡང་ཡོད་ཚོད་ཡོད། དེ་ནི་ལས་དབང་མ་ཡིན་པར་རྐྱེན་ལ་ཐུག་པ་ཡིན་པས་རྐྱེན་དེའི་རང་གཞན་ཀུན་ལ་གནོད་པ་བྱེད་ཀྱི་ཡོད་པ་དེ་ལ་བསམ་བློ་བཏང་ནས་སྤུན་ཟླ་དག་གིས་གཟབ་པར་འཚལ། ༩།༩༠༩ ལས་ཀ་ནས་བྲིས།