ཤར་ཏུར་ཀི་སི་ཐན་དུ་སླར་ཡང་ངོ་རྒོལ།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཤར་ཏུར་ཀི་སི་ཐན་གྱི་རྒྱལ་སྤྱིའི་འཐུས་མི་ཚོགས་ཆེན་གྱི་མགྲིན་ཚབ་པ་ཏི་ལི་ཞ་ཏིའི་ལ་ས་གནས་རང་གི་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཧོའོ་རྫོང་ཁོངས་སུ་ཤར་ཏུར་ཀི་སི་ཐན་གྱི་སྐྱེས་པ་ཞིག་དེ་སྔོན་ཟླ་༧ ཚེས་ལྔ་ཡི་འོས་ལངས་ལས་འགུལ་ནང་བཞུགས་རྐྱེན་རྒྱ་གཞུང་གིས་འཇུ་བཟུང་བྱས་པ་དང༌། ཉེ་སྔོན་ཁོ་རང་བཙོན་དུ་ཡོད་སྐབས་རྡུང་རྡེག་ཚབས་ཆེན་བཏང་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རྒྱ་ནག་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་ནས་འདས་པོའི་ཕུང་པོ་ཕྱིར་ཁྱིམ་མིར་རྩིས་སྤྲོད་བྱས་པ་མ་ཟད། འདས་པོའི་ཁྱིམ་མིས་ཕུང་པོ་གང་མགྱོགས་ས་སྦས་གཏོང་དགོས་སྐོར་བཤད་འདུག འོན་ཀྱང་འདས་པོའི་ཁྱིམ་མིས་འདས་པོའི་གཟུགས་ཕུང་ཡོངས་སུ་མནར་གཅོད་ཚད་མེད་བཏང་བའི་རྨ་ཤུལ་སོགས་མཐོང་རྗེས་འབྲེལ་ཡོད་སྡེ་ཚན་ནས་འགྲེལ་བརྗོད་དགོས་སྐོར་རེ་འདུན་འདོན་གྱི་ཡོད་པ་རེད། དོན་རྐྱེན་འདིའི་རྐྱེན་གྱིས་ཤར་ཏུར་ཀི་སི་ཐན་མི་མང་ཚོས་སླར་ཡང་རྒྱ་ནག་དམར་གཞུང་ལ་བསྐྱར་དུ་འོས་ལངས་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་བའི་སྐོར་གྱི་གནས་ཚུལ་བརྗོད་འདུག ད་ལྟའི་ཆར་རྒྱ་ནག་གཞུང་གི་འབྲེལ་ཡོད་སྡེ་ཚན་ནས་ཤར་ཏུར་ཀི་སི་ཐན་ཧོའོ་ཟེར་བའི་རྫོང་དུ་གང་སར་དམག་དཔུང་རྒྱ་ཆེར་བཀྲམ་སྟེ། ས་གནས་མི་མང་ཚོར་དམ་དྲག་ནན་པོ་བྱེད་བཞིན་པ་དང༌། རྫོང་ཁོངས་སུ་གློག་མཁོ་སྤྲོད་མཚམས་བཞག་ཅིང༌། ད་ལྟའི་ཆར་ཡང་ས་གནས་ཕྱོགས་གཞན་ནས་དམག་མི་ཕོན་ཆེན་འབྱོར་བཞིན་པའི་སྐོར་གྱི་གནས་ཚུལ་་ཐོན་འདུག