ཉི་ཧོང་གི་སྲིད་བློན་གྱིས་བོད་དོན་སྐོར་གསུངས་པ།

ཟླ་འདིའི་ཚེས་༢༢ ཉིན་ཨ་རིར་འཚོགས་པའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་དུ་བཅར་བའི་ཉི་ཧོང་གི་སྲིད་བློན་གསར་པ་ཧཱ་ཏུ་ཡ་མཱ་མཆོག་དང་། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་གཉིས་ཟུར་མཇལ་ཞིག་བྱུང་བའི་སྐབས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཡིས་ཉི་ཧོང་གི་སྲིད་བློན་ལ་བོད་ཀྱི་གནད་དོན་སྐོར་ཁ་གསལ་ཤེས་རྟོགས་དགོས་ཀྱི་འདུག་ཅེས་བརྗོད་སྐབས། ཉི་ཧོང་གི་སྲིད་བློན་གྱིས་ཉི་ཧོང་གཞུང་གིས་བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་རུང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་དགོས་ཀྱི་འདུག་ཅེས་གསུངས་ཡོད་པ་རེད། དེའི་སྐབས་ཕྱོགས་གཉིས་ནས་དཀའ་རྙོག་རྣམས་ཞི་བའི་གྲོས་མོལ་ལམ་ནས་སེལ་དགོས་སྐོར་གྲོས་བསྡུར་བྱུང་བ་མ་ཟད། ཉི་ཧོང་གི་སྲིད་བློན་མཆོག་གིས་ཡུ་རོབ་མནའ་འབྲེལ་མཐུན་ཚོགས་བཞིན་ཤར་ཨེ་ཤ་ཡའི་མནའ་འབྲེལ་མཐུན་ཚོགས་ཤིག་ཀྱང་འཛུགས་ཐུབ་པའི་རེ་བ་ཡོད་སྐོར་ཡང་གསུངས་ཡོད་པ་རེད། གཞན་ཡང་ཨ་རིའི་་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་གཉིས་ཟུར་མཇལ་བྱས་ཡོད་ཀྱང་། ཕན་ཚུན་བར་བསྟུན་མཁས་རྐྱང་རྐྱང་མ་གཏོགས་བོད་དོན་སོགས་ལ་གྲོས་བསྡུར་གང་ཡང་བྱུང་མེད་པ་རེད་འདུག  །