མོན་གྷོ་རུ་སྐྱེ་ལྡན་སོ་ནམ་སྐོར་གྱི་ཟབ་སྦྱོང༌།

དེ་ཡང་ཟབ་སྦྱོང་གནང་མཁན་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་སྐྱེ་ལྡན་སོ་ནམ་ཞིང་ལས་ཀྱིས་སློབ་སྟོན་པ་དོན་གྲུབ་ཚེ་རིང་ལགས་དང༌། སྤེལ་ཀོབ་སྐྱེ་ལྡན་སྲོལ་རྒྱུན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གིས་འགན་འཛིན་བསྟན་འཛིན་དགྲ་འདུལ་ལགས། མོན་གྷོ་ས་གནས་མགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་བཅས་ཕེབས་ཡོད་པ་དང༌། ས་གནས་མགོ་འཛིན་གྱིས་གསུང་དོན། རང་གཞུང་བཀའ་ཤག་གིས་གཏན་འབེབས་བྱས་པའི་སྲོལ་རྒྱུན་སོ་ནམ་ཞིང་ལས་བྱེད་དགོས་བའི་དམིགས་ཡུལ། གཅིག་ད་ལྟའི་ཆར་བཙན་བྱོལ་བོད་མི་ཚོས་ལྟོ་གོས་འཁྱོལ་ཐབས་དང་། གཉིས་པ་མ་འོངས་པར་འཛམ་བུ་གླིང་འདིའི་སྒང་ལ་སྐྱེ་ལྡན་སོ་ནམ་ཞིང་ལས་ཐོག་མིག་དཔེ་ཡག་པོ་ཞིག་སྟོན་ཐུབ་པའི་དམིགས་ཡུལ་ཡོད་པ་བཞིན་རྣམ་པ་ཚོའི་གང་ཐུབ་ཀྱི་སྐྱེ་ལྡན་སོ་ནམ་ཞིང་ལས་ལ་འབད་བརྩོན་མི་དམན་པ་གནང་རོགས་ཞེས་གསུངས་སོང་། དེ་བཞིན་བསྟན་འཛིན་དགྲ་འདུལ་ལགས་དང་དོན་གྲུབ་ཚེ་རིང་ལགས་གཉིས་ནས་སྐྱེ་ལྡན་སོ་ནམ་ཞིང་ལས་སྐོར་གྱི་གློག་བརྙན་གཟིགས་འབུལ་དང་བསྒྲགས་དབྱིན་བོད་གཉིས་ཐོག་ནས་འགྲེལ་བརྗོད་གནང་དོན། རྫས་སྦྱོར་ཞིང་ལས་ཀྱི་སའི་གོ་ལའི་སྣོད་བཅུད་གཏོར་བཤིག་དང་། ལྷག་པར་མིའི་གཟུགས་པོའི་འཕྲོད་བརྟེན་ཐོག་ཧ་ཅང་གནོད་སྐྱོན་ཡོང་གི་ཡོད་ཚུལ་དང་། སྲོལ་རྒྱུན་སོ་ནམ་ཞིང་ལས་ཀྱི་གལ་གནད་ཆེ་ཤོས་སོན་དང་ལུད་གཉིས་ཡག་པོ་དགོས་པ་དེ་རེད། དེ་གཉིས་ཡག་པོ་བྱུང་ན་སྲོལ་རྒྱུན་ཞིང་ལས་བྱེད་རྒྱུར་དཀའ་ངལ་གང་ཡང་མེད་སྐོར་དང༌། དེ་བཞིན་སོན་དང་ལུད་སོགས་དང་པོ་ཞིང་ཁ་ནས་ལེན་སྟངས་དང་བར་དུ་གསོག་ཉར་བྱེད་ཕྱོགས་སོགས་ལ་ལམ་སྟོན་ཟབ་རྒྱས་གནང་བ་མ་ཟད། གཞུང་དང་རོགས་ཚོགས་ཀྱིས་རེ་བ་གང་བརྒྱབ་པ་བཞིན་སྒྲུབ་ཐབས་ལ་འབད་རྩོན་བྱེད་རྒྱུ་དང༌། ལྷག་པར་མཐུན་རྐྱེན་གང་སྤྲད་དེ་བེད་སྤྱོད་ལོག་པར་མི་གཏོང་བ་མ་ཟད་གཞུང་གིས་དམིགས་ཡུལ་གཞིར་བཟུང་སྒྲུབ་རོགས་ཞེས་འབོད་སྐུལ་གནང་སོང༌།

མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས།