ཉི་མ་འདི་དག

ཉིན་མ་འདི་དགང་ལ་མཚོན་ན་སེམས་ཁོངས་སུ་བཤད་མི་ཤེས་པའི་སྐྱོ་སེམས་ཀྱི་རླབས་རྒྱུན་དལ་མོ་ཞིག་རྟག་ཏུ་འཕྱུར་འོང་ལ། འདི་ཡིན་བསམ་པའི་དོན་ཡོད་མེད་ཚང་མར་བློ་རྩེ་རྣོ་ངར་རེ་བསྐོར་བཞིན་པ་དེ་ནི་ཡ་ཆུང་སྙིང་ལ་ངལ་བ་ལྗིད་པོ་སྤྲད་མཁན་གྱི་གཤེད་མ་གསོན་པོ་དེ་ཡིན། ཞིབ་མདང་རེ་བརྒྱབ་དུས་རྡ་སའི་གནམ་རྒན་མའང་འགྱུར་འབག་རྒོད་པའི་གནས་གཞི་ཞིག་ཡིན་པར་གཞི་ནས་རྟོག་ལ་རྡ་སའི་རིགས་མཐུན་གྱི་ཁོར་ཡུག་དེའང་འཇིག་རྟེན་འདིའི་གནམ་གྱི་ཟུར་ཙམ་ཡིན་པ་ལས་གཞན་དམིགས་བསལ་ཅི་ཡང་མེད་པར་གཞི་ནས་ཤེས། འདི་ལྟར་གསར་འབྱོར་བ་གཙོས་ཤི་མི་ཐུབ་པའི་མཚམས་རེར་ཡིད་འོངས་དང་སྐབས་འགར་མཁྲེགས་འཛིན་གྱི་འདུ་ཤེས་དེ་འཁྱེར་བཞིན་རྨི་ལམ་ལྟ་བུའི་འཚོལ་སྙེག་གི་བརྒྱུད་རིམ་ལ་ཕྱི་མདང་རེ་བརྒྱབ་དུས་སྔར་བའི་སྐྱོ་སེམས་ཀྱིས་སེམས་ཁ་ལ་ཅི་ཡིན་ཆ་མི་འཚལ་བའི་ན་ཟུག་ཅིག་གི་བསླུས་ཡོད་པར་ཤེས།

 

ཉི་མ་འདི་དག་སྔོན་སོང་མི་ཚེ་ལ་ཕྱི་འདང་རྒྱབ་པའི་དུས་ཚིགས་ཡིན་ལ། ཉི་མ་འདི་དག་དར་མའི་དུས་ནས་མ་འོངས་ག་བར་བགྲོད་དགོས་མིན་གྱི་རྣོ་བསམ་ཡང་གཏོང་རན་འདུགཁང་བུག་ཆུང་ཆུང་གི་ཁུག་སོའི་ནང་སེམས་ཀྱི་ན་ཟུག་ལྕི་བའི་ཡུར་གྱར་བ་རྣམས་ཁྱིམ་གཞི་བོར་བའི་སྤྲང་པོ་ཁྱུ་ཞིག་ཡིན་ལ་། འཇོན་ཐང་དང་ཤེས་རྒྱ་དབེན་བའི་གླན་ལྐུག་ཚོགས་ཤིག་ཀྱང་རེད།ལ་ལས་ང་གངས་ཅན་པ་ཡིན། ང་བཙན་པོའི་གདུང་རྒྱུད་ཡིན། ང་དུས་ནམ་ཡང་འགྱེར་མི་སྲིད་ལ།ང་རྨིག་མེད་དུ་སོང་ཡང་ཁེངས་སྤོབས་ཀྱིས་འཛམ་གླིང་འདིར་འགྲིང་ནས་ཡོད་ཟེར། ལྟོས་དང༌། གང་འདྲའི་ཁེངས་དྲེགས་ཀྱིས་ཚོས་པའི་གླན་ལྐུག་ཁྱུ་ཞིག་རེད་ཨང༌། རྨིག་མེད་དུ་བཏང་ཟིན་ན་ད་དུང་ཅི་ཡང་ལྷག་མེད་པས་ཁེངས་སྤོབས་ཀྱིས་འཛམ་གླིང་འདིར་གང་འདྲ་འགྲིང་ཐུབ་བམ།དོན་དམ་མིའི་འཇིག་བརྟེན་འདིར་འཚོ་དགོས་པའི་སྙིང་པོའི་ཟུར་ཙམ་ཡང་མ་རྟོག་པར་དྲེགས་པས་རང་གི་སེམས་ཆུང་བཤག་ཚུལ་ལ་བལྟས་ཚེ།ད་ལྟའི་ཆར་ངའི་རིགས་མཐུན་ཚོར་རྨང་གཞིའི་རྒྱུན་ཤེས་ཙམ་གྱི་བདེན་དོན་ཡང་བོར་ཚར་བ་ཤེས།

 

ཉི་མ་འདི་དགབརྒྱུད་མཐུད་བྱེད་བཞིན་པའི་བསམ་བློ་དེའི་དོན་དངོས་ལ་གཞིགས་ན་ང་རང་ཡང་ནམ་ཞིག་ཁོར་ཡུག་འདིས་རྨིག་མེད་དུ་བཏང་མི་སྲིད་པ་མིན། དྲག་པོའི་ངོ་གདོང་སྐྱུར་མོས་སེམས་སུ་རྨ་ཁ་བཟོས་པ་ཇི་བཞིན་རིགས་མཐུན་ཚོས་རྙིང་ཞེན་དང་སྐྱུག་བྲོ་བའི་དམའ་འབེབས་དང་ཁྱད་བསད་མྱོང་ཐེངས་རེར་བདག་ལ་སྙིང་གི་ཟབ་ས་ནས་སྐྱོ་གདུང་འཕྱུར་འོངས་ལ། ཐོག་མར་ཕ་ས་ནས་དེ་ལྟར་སེམས་ངལ་གྱིས་བསླུས་ཤིང་བྲོས་བྱོལ་དུ་ཤོར་འདོད་པའི་ལྐོག་གྱུར་རམ་རྣོ་ངར་གྱི་དྲན་རྒོད་དེ་དག་ཡིད་ལ་ཡང་ཡང་འཁོར་ཡོང༌། སེམས་གཏིང་གི་ངལ་དུབ་དེས་མདུན་ལམ་ལ་བཀག་རྡོ་ཚད་མེད་སྤུངས་ཡོད་ལ། ཡར་རྒྱས་ཀྱི་གོམས་བགྲོད་ཐེངས་མང་ལ་བར་ཆད་བརྩམས་མྱོང༌། སྙིང་གི་ཟབ་ས་ནས་སེམས་གཏམ་རེ་རེ་ལའང་ཁྱད་བསད་དང་དམའ་འབེབས་ཀྱི་དྲག་ཆར་ཕབ་དུས། རིགས་ཞེན་རྩུབ་པོ་དེས་ང་རང་གིས་རང་ངོ་དང་གཞན་ངོ་རྟོག་པའི་དཔྱོད་ཤེས་ཀྱི་གཟུར་བོའི་བློ་གྲོས་དེ་རྩ་གཏོར་གཏོང་ཡོད་པར་ཚོར་བྱུང༌།

 

ཉི་མ་འདི་དག་དེ་སྔོན་གྱི་འགོ་བཙུགས་ས་ནས་སླར་ཡང་འཚོལ་སྙེག་གཞན་གྱི་སྟོ་གོན་བརྩམ་རན་པར་རྟོག ཡིན་ཡང་དོན་དམ་པར་མིའི་རིགས་ལ་ཅི་ཞིག་དགོས་ཀྱི་ཡོད་དམ། དེ་ནི་མིའི་རིགས་ཀྱི་ལུས་སེམས་གཉིས་ལ་བདེ་དགའ་སྦྱིན་ཐབས་ཀྱི་བློ་གྲོས་དེ་ཚོ་ཡིན་པར་ཤེས་བཞིན་དུ། བརྗིད་ཆག་གི་རྫིགས་རྔམ།མི་སེམས་བསླུ་ཆོག་ཆོག་དང་གཡོ་འཕྲུལ་ནག་པོ་ཞིག་གིས་ལས་སླ་པོས་སྣེ་འདྲེན་བྱེད་དོན་གང་ཡིན་ནམ།

 

ཉི་མ་འདི་དག་རྟག་ཏུ་བསམ་བཞིན་དུ་ཤེས་རབ་དེའི་དབུགས་ཀྱི་རྒྱུ་བ་དལ་དུ་འགྲོ་བཞིན་པ་ཚོར་ལ།ཉི་མ་འདི་དགཁུག་ཀྱོག་འདིའི་འོད་ཟེར་གྱི་ཡིད་འོངས་དེ་ཡང་རྡུལ་རྫས་ཀྱིས་གྲུབ་པའི་ཚོན་ཁྲའི་མཛེས་རིས་ཡིན་པར་རྟོག

ཉི་མ་འདི་དག ཅི་ཡང་མི་བསམ་ལ། གང་ཡང་བྱ་མི་འདོད་པའི་ངལ་དུབ་ཀྱིས་ཉི་མོ་འཁྱོལ་ཐབས་ཙམ་ཡིན་ལ། རེ་བའི་ཤུལ་ཙམ་ཡང་མཐོང་ཐབས་མེད། ཉི་མ་འདི་དག་སེམས་དུབ་པའི་སྐྱོ་ངལ་ཇེ་ལྕི་ཡིན། ཀྱེ་ཧུད།་ད་ནས་ང་རང་བགྲོད་དགོས་པའི་ལམ་ཁ་དེ་ག་བར་ཡོད་དམ།

 

ཉི་མ་འདི་དགའཇིག་རྟེན་འདིར་སྡུག་བསྔལ་དོར་བསམ་པའི་ངའི་གཟུགས་ཕུང་ཆུང་ཆུང་ཞིག་ཀྱང་ཡིབ་སའི་བདེ་སྐྱིད་ཀྱི་ས་དུམ་ཞིག་རྙེད་ཚོད་མི་འདུགའདས་ཟིན་དང་མ་འོངས་གང་ལ་བསམ་ཡང༌། ཆོས་ཀྱི་སྙིང་པོ་དོར་བའི་དོན་མེད་བྲེལ་ཟིང་གིས་མི་ཚེ་བསླུས་ཟིན་འདུགད་དུང་བསླུ་བྲིད་དེའི་རྗེས་སུ་འཇུག་བཞིན་པའི་མི་རྣམས་ངལ་དུབ་ཀྱི་མིག་ཀོང་གཉིས་མཐོང་ཐེངས་རེར་། ང་རང་ཡང་དེ་ཚོ་བསླུ་བྲིད་དུ་བསྐུལ་འདེད་བཏང་མཁན་དང་བསླུ་བྲིད་དུ་ཚུད་ཚར་བ་ནི་གང་འདྲ་ཡིད་མུག་པའི་གནས་ཚུལ་ཞིག་རེད་ཨང༌། ཕ་སའི་ཡོད་ཚད་བློས་གཏོང་བ་དེ་དོན་དམ་པའི་མིའི་ལུས་སེམས་གཉིས་ཀྱི་རང་དབང་ཁོ་ནའི་ཆེད་དུ་འདོད་ན། ད་དུང་ཐེ་ཚོམ་དང་དོག་དྲིའི་མི་ཆོས་རྫུས་འབག་གི་འོག་ཏུ་རང་གི་བདེ་བ་དང་མདུན་སྙེག་བོར་དོན་ཅི་ཞིག་གིས་སྣེ་ཤེན་བྱེད་བཞིན་པ་ཡིན་ནམ།

 

ཉི་མ་འདི་དགའབྱོར་ཆེན་དང་སྐུ་དྲག་དག་གི་ཁྱི་རྔ་སྲུང་ཐབས་དང་དེའི་འོག་གི་ཆབ་འབངས་རྣམས་དེའི་བཀའ་བཀོད་དང་སྣེ་ཤེན་ངར་མོའི་རྗེས་སུ་འཇུག་དགོས་པའི་ཚིག་བརྗོད་ངར་མ་དེ་དག་དོན་དངོས་ཐོག་དཀྱུས་དམངས་རྣམས་སླར་ཡང་སྐུ་དྲག་པོ་རེ་གཉིས་ཀྱི་ཆེད་དུ་གཅིག་མཚུངས་ཀྱི་རིན་ཐང་བརྩི་དགོས་པའི་ཚེ་སྲོག་དོར་ཐབས་བྱེད་ཅིང་ཉམས་ཆུང་དམར་བསད་དུ་བསྐུལ་མ་གཏོང་བཞིན་པ་དང་ཅིས་མི་མཚུངས་སམ།

 

ཉི་མ་འདི་དག་ངའི་རིགས་མཐུན་ཚོས་བསམ་བློའི་ངོས་སུ་ཡིད་འོངས་ཀྱི་མཛེས་རིས་ནག་བསུབ་བཏང་བཞིན་པར་ཚོར་གྱི་འདུག་ལ། བདེ་དགའ་ཡི་བྱ་བཟང་ཉུང་དུ་འགྲོ་བཞིན་པར་མཐོང་གི་འདུག ཉི་མ་འདི་དག་གང་ཟག་སུ་ལའང་དོན་མེད་ནང་སེམས་ཀྱི་དོན་དངོས་རྟོག་ཐབས་སམ་དེའི་ཕྱོགས་སུ་བློ་བསྐྱེད་ཙམ་བསྐོར་མི་སྲིད་པ་གཏན་འཁེལ་ཚར་དུས་སྔར་སོང་གཟི་བརྗིད་དང་རླབས་ཆེན་དུ་རློམ་མཁན་གཡོ་འཕྲུལ་གྱི་གཟུགས་བརྙེན་དེ་དག་མཐོང་ཐེངས་རེར་ད་ཆ་དེ་ཚོ་དངོས་གནས་དོམ་དམ་པ་ཡིད་ལ་ཞེ་མལ་ཞིང་སྐྱུག་བྲོ་བ་འདྲ་རེད།

 

ཉི་མ་འདི་དག་བསམ་བློའི་བང་ཁ་བཙན་ལ་དྲན་གསོའི་ཕུ་ཐག་ཐུང་བས། སྙེང་ཉེ་ཚོ། ཚུར་ལ་གསོན་དང༌། མདུན་ལམ་གྱི་འགག་རྡོ་ཇེ་མང་འགྲོ་དུས་།སེམས་ངལ་གྱི་བསླུ་བྲིད་ཇེ་ལྕི་འགྲོ་དུས།བྱ་བསམ་པའི་བྱ་བ་གཅིག་ཀྱང་མི་གྲུབ་པའི་དུས་སུ། དབུལ་ཕོང་དང་ཉམས་ཐག་གི་རིགས་མཐུན་རེ་རེས་བདག་ལ་སེམས་ངལ་གྱི་སྐྱོ་ཤ་བསླང་དུས། དེ་བཞིན་རེ་འདུན་མང་པོ་ཞིག་གིས་བདག་ལ་ཤུགས་ཀྱིས་བསྐུལ་མ་གཏོང་གི་འདུག་ལ། ང་རང་ངེས་པར་དུ་མུ་ནག་གི་རྫུ་འཕྲུལ་འོག་ནས་སླར་ཡང་དྲང་བདེན་གྱི་འཚོལ་སྙེག་གསར་པ་ཞིག་གི་མགོ་བརྩམས་དགོས་པར་ཆོད་སེམས་གཏན་དུ་འགྲོ་ཡི་འདུག་གོ།

20009ལོའིཕྱི་ཟླ་8པའི་ཚེས་12ཉིན་ལས་ཁང་དུ་བྲིས།