གདོན་འདྲེའི་ཐོན་རྫས་ཤིག ཐ་མག་ལ་བྲིས།

སེམས་ཚོར་ཡོད་མཁན་དང་བསམ་ཤེས་ཐུབ་མཁན་ནི་མི་ཡིན་པས། མིའི་རང་གི་འཕྲོད་བརྟེན་དང་འགྲོ་སོང་ལ་བསམ་བློ་མ་བཏང་བ་ཡིན་ན། ཁྱེད་རང་ལ་ཐུགས་ཁག་ཞིག་ག་ལ་ཡོད། སྨྲ་མི་ཤེས་པའི་ཁྱེད་རང་ལ་སྐད་ཆ་བཤད་བཞིན་པས་ང་རང་ནི་གླེན་པ་རེད། དོན་མི་གོ་བའི་ཁྱེད་རང་ལ་གོ་བརྡ་སྤྲོད་འདོད་པ་ནི་སྟོང་བསམ་རེད། ཚོར་བ་མེད་པའི་ཁྱེད་རང་ལ་གསང་གཏམ་བཤད་པ་ནི་དོན་མེད་རེད། བདེ་སྡུག་གང་ཡང་མེད་པའི་མིང་ཞིག་ཐོག་ཡོད་པ་དེ་ནི་ཁྱེད་རང་གི་མིང་དེ་ཐ་མག་རེད།

ཁྱེད་རང་གི་མིང་དུ་ཐ་མག་བཏགས་པ་དེ་ནས་བཟུང་།ཁྱེད་རང་གིས་ཐ་མལ་གྱི་ལས་ཤིག་མ་གཏོགས་གང་ཡང་བྱས་མྱོང་མེད།དབུལ་བོ་སྡུག་བསྔལ་གྱི་འཚོ་བ་ནས་ནད་ཚའི་མལ་དུ་བརྫངས།ཕྱུག་པོ་ནོར་བདག་ནས་ནད་བདག་གི་གནས་སྟངས་སུ་བསྐྱལ།ཕོ་མོ་དབྱེར་མེད་ཀྱིས་ཁྱེད་རང་ལ་རེག་པ་ནས་ཁྱེད་རང་ནི་རང་གི་ལུས་སེམས་ལ་ངལ་གསོ་སྤྲོད་མཁན་ཞིག་དུ་འཁྲུལ་ནས་སྔ་དགོང་ཡོད་ཚད་དུ་དུས་ཚོད་གང་ཡོད་ལ་ཁྱེད་རང་འཐེན། ཁྱེད་རང་འཐེན་བཞིན་འཐེན་བཞིན་ཁྱེད་རང་ནི་དྲིན་ཆེན་ཕ་མའི་བཀའ་ལ་མི་བརྩི་བའི་གཞི་མར་གྱུར་བ་དང་།སྙིང་གི་དགའ་ས་དག་གི་རེ་འབོད་ལ་ཡང་མི་ཉན་མཁན་དུ་གྱུར།ཁྱེད་རང་ནི་དུས་རྒྱུན་དུ་ལུས་སེམས་ལ་ངལ་གསོ་སྤྲོད་མཁན་ཁོ་ནར་འཁྲུལ་ནས་མི་རེ་རེ་བྲང་ཁོག་ནང་དུ་ཉིན་རེ་ཉིན་རེར་ཇེ་ནག་ནས་ཇེ་ནག་དུ་བཏང་དེ། ཐ་མར་བྲང་ཁོག་ཡོངས་སུ་ཁྱེད་ཀྱིས་བཞུད་ལམ་ཆགས་དེ། ཟ་མ་ཟས་རྗེས་ཁྱེད་རང་མེད་མི་རུང་བ་དང་།ཐང་ཆད་ཀྱང་ཁྱེད་རང་མེད་མི་རུང་། དགའ་དུས་ཀྱང་ཁྱེད་རང་དགོས་ལ་སྡུག་དུས་ཀྱང་ཁྱེད་རང་དགོས། སུན་སྣང་མོད་དུས་དེ་བས་ཀྱང་ཁྱེད་རང་དགོས།ཐ་ན་ཁ་བརྡ་བྱེད་སར་ཡང་ཁྱེད་རང་སླེབས་ཡོད།དེ་དག་ལས་ཀྱང་གལ་ཆེ་བ་ཞིག་ནི་ཁྱེད་རང་བསམ་བློ་གཏོང་མཁན་གྱི་ཀླད་པའི་ནུས་ཤུགས་ལ་རམ་འདེགས་བྱེད་མཁན་ཡང་ཆགས།དེ་དག་ཚང་མ་ཁྱེད་རང་གི་བྱས་རྗེས་ཁོ་ནར་འཁྲུལ།མི་ང་དང་ང་ལྟ་བུ་གླེན་པ་གྲངས་ཀྱི་མི་བླངས་པ་མང་བོ་ཞིག་གིས་ཁྱེད་རང་ནི་མིའི་མི་ཚེ་ནང་དུ་རམ་འདེགས་བྱེད་མཁན་གྱི་རླབས་ཆེན་ཞིག་ལ་འཁྲུལ་ནས་སྒོར་མོ་ཡོད་མེད་དང་རང་གི་འཕྲོད་བརྟེན་སོགས་གང་ལ་ཡང་འགན་ལེན་ཞིག་བྱེད་ཐུབ་ཀྱི་མེད། དོན་དངོས་ཐོག ཁྱེད་རང་ལ་གཏན་ནས་ནོར་འཁྲུལ་ཞིག་མེད།ཁྱེད་རང་ནི་ཉེས་མེད་ཀྱི་ཐོན་རྫས་རིགས་ཤིག་ལས་གང་ཡང་མ་རེད།ནོར་འཁྲུལ་ངོ་མ་བཟོ་མཁན་ནི་ཁྱེད་རང་ཐོག་མར་མི་ཡུལ་དུ་བཟོ་མཁན་དེ་རེད་ལ།དེ་ནས་བཟུང་ང་དང་ང་ལྟ་བུ་གླེན་པ་རང་གཤིས་ཚ་བ་ཤེད་གཅིག་གིས་རང་ཉིད་ཀྱི་མི་ཚེའི་སྐྱོ་རོགས་ཁོ་ནར་འཁྲུལ་བས་ནོར་འཁྲུལ་ཁོ་ན་ལས་ཁྱེད་རང་ལ་དངོས་ནས་ནོར་འཁྲུལ་ཞིག་འཛུགས་ས་མེད།ནོར་འཁྲུལ་དེ་ནི་ཐོན་རྫས་རིགས་ཤིག་དེ།ཐོག་མར་ཁྱེད་རང་བཟོ་མཁན་གྱི་མིའི་རིགས་ཀྱི་གཤེད་མ་དང་བོ་དེ་སུ་ཡིན་ནམ།དངོས་ནས་ཐོན་རྫས་ཁྱེད་རང་གསར་གཏོད་བྱེད་མཁན་གྱི་མི་དེ་ནི་གདོན་འདྲེ་ཟེར་བའི་གྲངས་དུ་འབོད་ཆོག་པ་ལས།དམིགས་བསལ་གྱི་གདོན་འདྲེ་ཟེར་ནས་གཟུགས་མེད་ཀྱི་མིང་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་མེད་པར་སྣང་།གང་ལྟར།རྗེས་ཕྱོགས་ཁྱེད་རང་གི་རིགས་དང་འདྲ་མཚུངས་ཀྱི་ཐོན་རྫས་རིགས་གང་ཡིན་ཡང་།གསར་གཏོད་བྱེད་མཁན་གྱི་འགྲོ་བ་མི་དེ་འདྲ་ནམ་ཡང་འཛམ་གླིང་ཟླུམ་པོར་འདིར་མི་སྐྱེ་བ་ཤོག