ཀ་ཕྲེང་ཧ་རེ་མ།
ཅ་ཅོ་སྨྲ་སྟངས་མི་མཚུངས་གནས་ལུགས་རྣམས༎
ཆ་ལུགས་འགལ་ཟླར་བསྒྱུར་བའི་དོན་གོ་ཆུང༌༎
ཇ་རོ་ལས་རྩུབ་ནང་འགལ་འཁོན་སེམས་དག།
ཉ་ཆུང་སྐམ་སར་འཚོ་ཐབས་མེད་དང་མཚུངས༎
ཏ་ཐ་ག་ཏའི་བང་རིམ་འགྲིག་བཞིན་དུ༎
ཐ་ཤལ་བྱ་ངན་སྤེལ་ལ་བྲེལ་བའི་ཚོགས༎
ད་ལྟའི་ཁ་ཕྱོགས་མ་གསལ་ཉེན་ཁའི་དུས༎
ན་ཚ་རྒྱུན་འགྱམས་སོང་བའི་རྒྱུ་རུ་ངེས༎
པ་པྲའི་རྭ་བར་འདུས་པའི་ཡུལ་གྱར་བ༎
ཕ་བུའི་དབར་ལ་ཁ་གཏད་གཅོག་སྟངས་དེ༎
བ་གླང་སྤྱོད་ངན་གོམས་པའི་ཀླད་མེད་ཚོས༎
མ་རྩ་གཏོར་འདོད་ཆེ་བའི་དན་རྟགས་ཡིན༎
ཙ་རིའི་གཤམ་དུ་འདུས་པའི་གངས་ཅན་པ༎
ཚ་གྲང་ལྕི་བའི་ཕམ་ཁའི་གཞི་རུ་གནས༎
ཛ་དྲག་དུས་ནས་མཐོང་རྒྱ་མ་བསྲེང་བར༎
ཝ་མོ་ཟོལ་གྱིས་སྟག་གི་ཁ་ཟས་ཙམ༎
ཞྭ་ནག་ཕན་ཚུན་གཡོག་པའི་ཅོལ་ཆུང་ལས༎
ཟ་རོ་རྒྱང་དུ་དོར་བའི་རྒྱུ་ཡིན་ཡང༌༎
འ་རེ་འུ་རེའི་ནང་དམེ་མང་གྱུར་ན༎
ཡ་མཚན་ལྟད་མོ་རྗེས་ནས་མཐོང་ངོ་ཤར༎
ར་ལྟར་གྱོང་ཡང་དོན་སྙིང་མ་རྟོགས་པར༎
ལ་ལུང་བརྒལ་བའི་ངལ་དུབ་དོན་མེད་རྒྱུ༎
ཤ་གཟན་རློམ་ཡང་ནུས་སྟོབས་བརླག་འདོད་ནི༎
ས་ཐ་གྱར་བའི་སྙིང་པོ་ཡོངས་རྫོགས་སྟོང༌༎
ཧ་ཧ་དགོད་བྲོའི་བྱ་ངན་མཐོང་ཐེངས་རེར༎
ཧ་ཅང་ཟབ་མིན་ཀླད་མེད་ངང་ཚུལ་ཚོས༎
ཨ་གསར་དོར་ཏེ་རང་ཚུགས་བརྟེན་པའི་ཕྱིར༎
ཨ་མའི་ཕོ་རྒོད་དག་ལ་ཧ་རེ་སྤྲེངས༎
