ཕར་ཙམ་སོང་དང་།
སྙན་གྲགས་ཀྱི་མིང་སྐམ་རང་བྱུང་གི་ཕུང་གཞི།།
འདོད་ཡོན་གྱི་ལོངས་སྤྱོད་རང་བསྐྱལ་གྱི་ཕུང་གཞི།།
གཉེན་ཉེ་ཡི་ཚེ་འཁོར་རང་སླུད་ཀྱི་ཕུང་གཞི།།
ཆོས་བརྒྱད་ཀྱི་གྲོགས་པོ་ཕར་ཙམ་ཞིག་སོང་དང༌།།
དམ་ཆོས་ཀྱི་སྣང་བ་ཉི་གཞོན་བཞིན་འཚར་ཀྱང༌།།
ཡོ་ལང་གི་ན་བུན་ཚང་ཀ་དེ་ཆེ་བས།།
དྲི་མེད་ཀྱི་བླ་མར་མཇལ་ཀ་ཞིག་རག་ཆེད།།
ཆོས་བརྒྱད་ཀྱི་གྲོགས་པོ་ཕར་ཙམ་ཞིག་སོང་དང༌།།
རང་ལག་གི་སྨྱུ་གུ་ཕུང་སྐྱོར་གྱི་འཁར་བ།།
རང་ལུས་ཀྱི་གཟན་ཤམ་ཞེན་བྲལ་གྱི་སྐྱོ་གུར།།
རང་སེམས་ཀྱི་འབའ་ཁུག་ལྟ་གྲུབ་ཀྱི་བང་མཛོད།།
ཆོས་བརྒྱད་ཀྱི་གྲོགས་པོ་ཕར་ཙམ་ཞིག་སོང་དང༌།།
དེང་དུས་ཀྱི་མི་གཤིས་མཐོ་ལྒང་གི་དར་ལྕོག།
དེང་དུས་ཀྱི་སྒྲིག་ལམ་ཐལ་རྡུལ་ཀྱི་ར་བ།།
དེང་དུས་ཀྱི་དཔལ་འབྱོར་མགོ་མེད་ཀྱི་དམག་དཔུང༌།།
ཆོས་བརྒྱད་ཀྱི་གྲོགས་པོ་ཕར་ཙམ་ཞིག་སོང་དང༌།།
ལྷ་ཆོས་ཀྱི་བྱིན་རླབས་སྙིང་དབུས་སུ་མེད་ན།།
སྔོ་ལྗང་གི་སྒོར་མོའི་ཁྲི་སྟེང་དུ་གཉིད་ཀྱང༌།།
སྲ་འཁྲེགས་ཀྱི་ཤོག་གུ་ཁྲ་ཁྲ་གཞི་སྟེང་དུ།།
ཕྱེ་ལེབ་ཅིག་བབ་དང་ཁྱད་འདྲ་ཨེ་མཆིས།།
༢༠༠༥
