ལྷག་བསམ་གྱི་རང་མདངས།
ཅ་ཅོའི་འཆལ་གཏམ་སྐད་རིགས་འདྲེས་མ་རུ་སྒྲོགས་ཤིང༌།།
ཆ་ལུགས་ཡ་མ་ཟུང་གི་བརྟུལ་ཞུགས་ཀྱིས་འཚོ་བཞིན།།
ཇ་མར་ཐུད་ལ་ཞེ་ཁ་ལོག་པ་ལྟར་གྱུར་པའི།།
ཉ་ཉོག་བོད་ཕྲུག་འགའ་ཡི་སྤྱོད་ཚུལ་འདིས་སྐྱོའོ།།
ཏ་ལའི་སྡོང་པོའི་མགོ་བོ་བྲེགས་པ་ལྟར་གྱུར་པའི།།
ཐ་སྙད་ནང་དོན་རིག་གནས་སྲོལ་རྒྱུན་གྱི་ཤེས་རིག །
ད་ལྟའི་དུས་རབ་གསར་པར་རིན་ཐང་གིས་དབེན་ཞེས།།
ན་ཆུང་ཅོལ་ལ་དགའ་བའི་འཆལ་གཏམ་ལ་མ་སློབས།།
པ་ཏྲའི་རི་མོ་བཀྲ་བའི་གདུང་ལྕམ་གྱིས་མཛེས་པའི།།
ཕ་མཁར་གྲུ་འཛིན་ཕོ་བྲང་མཐོང་ལམ་དུ་སོན་ཅིང༌།།
བ་གམ་དགུང་དུ་བརྩེགས་པའི་བརྗིད་ཉམས་དེ་བསམ་ནས།།
མ་བཅོས་དུང་སེམས་སྔོན་བྱོན་མེས་པོ་ལ་ཤོར་སོང༌།།
ཙ་རིའི་ཡུལ་ནས་མདོ་སྨད་གསེར་ལྡན་གྱི་བར་དུ།།
ཚ་གྲང་ས་ཁུལ་རོང་འབྲོག་སྡེ་རིས་སུ་ཆད་ཀྱང༌།།
ཛ་དྲག་གལ་ལ་ཐུག་ཚེ་རང་རིགས་ཀྱི་ཕྱོགས་སུ།།
ཝ་ལེར་ལ་རྒྱ་འཛིན་པའི་སྲོལ་བཟང་དེ་མ་སྐྱུར།།
ཞྭ་མདོག་ཁ་དོག་གླེང་བ་ལོ་རྒྱུས་སུ་གྱུར་ཅིང༌།།
ཟ་འདོད་རྩྭ་ས་རྩོད་པའི་དུས་ཚོད་ལས་བརྒལ་བས།།
འ་ཅག་མདུན་སྐྱོད་གཞོན་ནུའི་ཡོད་ཚད་ཀྱི་ནུས་ཤུགས།།
ཡ་མཚན་རིག་གནས་སྤེལ་བའི་ལག་ཆ་རུ་སྤྱད་འཚལ།།
ར་བའི་མུ་ཁྱུད་གངས་རི་དཀར་པོ་ལས་བྱས་པའི།།
ལ་ལུང་ཡུལ་གྲུ་འདི་ཡི་མདུན་ལམ་གྱི་ཆེད་དུ།།
ཤ་ཞེན་ལྷག་བསམ་འབད་པ་བརྒྱ་ཕྲག་ཅིག་བརྩམས་ནས།།
ས་སྟེང་འདི་རུ་ཇི་སྲིད་གནས་ཐབས་ལ་རེམ་དགོས།།
ཧ་ཅང་དོ་གལ་ཆེ་བའི་སྙིང་གཏམ་གྱི་ཚིག་འདི།།
ཨ་མའི་བུ་རེ་ཡིན་ཕྱིན་སེམས་ནང་ནས་མ་བརྗེད།།
ཧ་ཅང་དོ་གལ་ཆེ་བའི་སྙིང་གཏམ་གྱི་ཚིག་འདི།།
ཨ་མའི་བུ་རེ་ཡིན་ཕྱིན་སེམས་ནང་ནས་མ་བརྗེད།།
