གཞུགས་སྒར་དུ་༸གོང་ས་མཆོག་གི་གསུང་ཆོས།

གསུང་ཆོས་དབུ་འཛུགས་མ་བྱས་པའི་སྔོན་དུ་༸གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་ལ་རྣམས་ལ་བཀའ་སློབ་གནང་དོན། ནང་པ་སངས་རྒྱས་པའི་ཆོས་དེ་ལོ་རྒྱུས་ཐོག་ཨེ་ཤ་ཡའི་ཆོས་ལུགས་ཤིག་ཆགས་བསྡད་ཡོད་པ་རེད། འཕྲུལ་རིགས་དང། རིག་གཞུང་མི་འདྲ་བ། ཐ་ན་ཐག་རིང་ས་གནས་ནས་ནང་པའི་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་རེད། དཔེར་ན། དེ་རིང་འདིར་རོ་མི་ནི་ཡ་ནས་མི་ཁག་ཅིག་སླེབས་བསྡད་ཡོད་རེད། ཕལ་ཆེར་མི་བཅོ་བརྒྱད་བཅུ་དགུ་ཙམ་ཡོད་པ་རེད། ང་རོ་མི་ནི་ཡ་ལ་འགྲོ་མྱོང་མེད། ང་ཚོའི་འབྲེལ་བ་ཆུང་ཆུང་རེད། དེ་རིང་རོ་མི་ནི་ཡ་ནས་མི་ཁག་ཅིག་ཆེད་དུ་འདིར་ཡོང་ནས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་པ་དེར་ང་ཧང་སང་སོང། ད་དུང་ལི་ཊིན་ཨ་མི་རི་ཁ་དང། ཨར་ཇན་ཊི་ན་ནས་མི་ཁག་ཅིག་སླེབས་ཡོད་པ་རེད། སྤྱིར་ཡེ་ཤུའི་ཆོས་ལུགས་དེ་འཛམ་གླིང་སྤྱིའི་ཆོས་ལུགས་ལྟ་བུ་ཞིག་རེད་དེ། དེང་སང་འཛམ་གླིང་ཡོངས་སུ་ནང་ཆོས་དེ་དར་ཁྱབ་འགྲོ་ཡི་ཡོད་པ་རེད། སྤྱིར་བཏང་ནང་ཆོས་དེ་རྒྱ་གར་ནས་དར་བ་ཞིག་དང། སྲོལ་རྒྱུན་གྱི་ཐོག་ནས་ཨེ་ཤ་ཡའི་མི་རིགས་མང་པོ་ནང་པ་ཆགས་ཀྱི་ཡོད་རེད། རྒྱ་ནག་དེ་ལུང་པ་ཆེན་པོ་རེད། མི་འབོར་མང་ཤོས་རེད། ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་ལུང་པ་ཞིག་རེད། ང་ཚོ་སངས་རྒྱས་ཤཱཀྱ་མུ་ནེའི་དགེ་ཕྲུག་གཅིག་པ་དང། རྗེས་འབྲངས་པ་གཅིག་པ་རེད་ཅེས་དང། དེང་སང་འཛམ་གླིང་ཐོག་ཏུ་མི་འབོར་འཕེལ་རྒྱས་ཆེན་པོ་འགྲོ་བ་ལ་བརྟེན་ནས་འཕྲུལ་རིགས་བེད་སྤྱོད་ཆེན་པོ་གཏོང་གི་ཡོད་པས། ཁོར་ཡུག་ལ་བརྡབ་གསིག་ཆེན་པོ་འགྲོ་ཡི་ཡོད་པ་རེད། ང་ཚོ་ཚང་མ་ཁོར་ཡུག་དང། འཕྲོད་བསྟེན་ལ་བརྟེན་ནས་འཚོ་དགོས་ཀྱི་རེད། དེ་བཞིན་དཔལ་འབྱོར་དེ་ཡང་རྒྱལ་ཁབ་དང་རྒྱལ་ཁབ་ལ་བརྟེན་དགོས་པ་དང། གླིང་ཕྲན་དང་གླིང་ཕྲན་ལ་བརྟེན་དགོས་ཀྱི་ཡོད་པ་རེད། དེ་ཚོ་ཚང་མ་ནང་ཆོས་ཀྱི་ལྟ་བ་རྟེན་འབྱུང་དང་འབྲེལ་བསྡད་པ་ཞིག་རེད་ཅེས་དང། བོད་ལ་ཆ་བཞག་ན་སྔོན་མ་ཕྱིའི་རྒྱལ་ཁབ་ལ་འབྲེལ་བ་དེ་ཙམ་ཡོད་མ་རེད། ས་མཐོན་པོ། འཛམ་གླིང་གི་ཡངས་རྩེ་རེད། དེང་སང་འགྱུར་བ་ཆ་ཚང་ཐེབས་ཚར་བ་རེད། དེར་བརྟེན་ངས་ནམ་རྒྱུན་ཡང་ཡང་བཤད་ཀྱི་ཡོད། དེ་རིང་གི་འཛམ་གླིང་དང། དེ་རིང་གི་བདེན་དོན་འདི་ལ་བརྟེན་ནས་ང་ཚོས་ངེས་པར་དུ་སྤྱི་ཡོངས་ལ་བསམ་གཞིག་བྱེད་དགོས་ཀྱི་རེད། ང་ཚོའང་འཛམ་གླིང་འདིའི་ཆ་ཤས་ཤིག་རེད། ངས་ཁ་ཆེའི་གྲོགས་པོ་ཚོ་ལ་ཆོས་ཀྱི་ཐད་ནས་ཁྱོད་ཚོ་ཁ་ཆེ་རེད། ནང་པའི་ཆོས་བྱེད་ཀྱི་ཡོད་མ་རེད། འོན་ཀྱང་ང་ཚོ་གོ་ལ་འདིའི་སྟེང་དུ་སྡོད་མཁན་གཅིག་པ་ཡིན་པའི་ཆ་ནས་ནང་པའི་ལྟ་བ་རྟེན་འབྱུང་ཟེར་བ་དེ་བེད་སྤྱོད་ཆེན་པོ་ཡོད་པ་རེད་ཅེས་ལབ་ཀྱི་ཡོད་ཅེས་སོགས་ལམ་སྟོན་བཀའ་སློབ་བསྩལ་སོང།
དེ་རིང་གི་གསུང་ཆོས་འདིར་ཨེ་ཤ་ཡའི་ནང་ནས་ཐེ་ཝན་དང། སིངྒ་པོར། ཧོང་ཀོང། ཀོ་རི་ཡ། ཝེ་ཏི་ནམ། ཧིན་དྷུ་ནེ་ཤི་ཡ། རྒྱ་གར་སོགས་དང། གཞན་ཡང་ནུབ་ཕྱོགས་ནས་ཡོང་བའི་མི་རིགས་འདྲ་མིན། ས་གནས་ཀྱི་བོད་མི་སེར་སྐྱ་མང་ཚོགས་བཅས་མི་འབོར་སྟོང་ཕྲག་མང་པོ་འདུ་འཛོམས་བྱུང་ཡོད་པ་རེད།།