ནེའུ་ཛེ་ལན་ཌར་༧སྐུའི་འཁྲུངས་སྐར་དང་གྱ་སྟོན་སྲུང་བརྩི།
སྤྱིར་ནེའུ་ཛེ་ལནཌ་རྒྱལ་ཁབ་ཁབ་འདིའི་ནང་བོད་མི་རྒན་གཞོན་ཚང་མ་བསྡོམས་ཀྱང་ཕལ་ཆེར་མི་གྲངས་ལྔ་བཅུ་ཙམ་ལས་མེད་ཀྱང་། ནམ་རྒྱུན་ནས་༧སྐུའི་འཁྲུངས་སྐར་དང་ལོ་སར། གསུམ་དུས་སོགས་ཚང་མ་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད།
དེ་ཡང་ས་གནས་ནས་རིན་ཆེན་དོན་གྲུབ་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་ ༧ པའི་ཚེས་ ༤ རེས་ཉིན་ཨོག་ལན་ཌ་(Auckland) གྲོང་ཁྱེར་གྱི་ལྷོ་ཤར་མཚམས་སུ་གནས་པའི་ལེསེཊར་ཚོགས་ཁང་དུ་བོད་ཀྱི་གྲོགས་པོ་ཚོགས་པ་དང་ས་གནས་བོད་རིགས་མཐུན་ཚོགས་གཉིས་ཀྱིས་ཉིན་གཉིས་སྔ་སྣུར་གྱིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་གྱ་སྟོན་སྲུང་བརྩི་ཞུས་སོང་།
བོད་རིགས་ཚོ་ལེ་སེ་ཊརཚོགས་ཁང་དུ་སྔ་དྲོ་གོ་སྒྲི་ཆ་ཚང་བྱས་པ་དང་། དགོང་དྲོ་ཆུ་ཚོད་ ༦:༣༠ ཐོག་བོད་དང་ནེའུ་ཛེ་ལན་ཌའི་རྒྱལ་གླུ་བཏང་རྗ྄ེས་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་། ཐོག་མར་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་སྐལ་བཟང་གིས་༧གྱ་སྟོན་ངོ་སྤྲོད་དང་སྐུ་མགྲོན་ཁག་ལ་དགའ་བསུའི་གཏམ་བཤད་གནང་། སྐུ་མགྲོན་གྱི་ཁྲོད་ནས་གནད་ཡོད་མི་སྣ་ནེའུ་ཛེ་ལན་ཌའི་གྲོས་ཚོགས་ཀྱི་རྒྱལ་ཁབ་སྲིད་དོན་ཚོགས་པའི་འཐུས་མི་ལྕམ་མེ་ལི་ས་ལིའི་ཡིས་(Melissa Lee) རང་ཉིད་ངོ་སྤྲོད་དང་། བོད་དོན་སྐོར་ལ་དོ་སྣང་ཤེས་རྟོགས་ཡོད་སྐོར། ཁོང་ཉིད་ཀྱི་འཁྲུངས་ཡུལ་ལྷོ་ཀོ་ར་ཡ་ཡིན་པ་དང་ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་དངོས་ཡོད་གནས་ཚུལ་གྱི་ཉམས་མྱོང་ལས་བོད་དང་བོད་མི་ཚོའི་དཀའ་སྡུག་ལའང་བསམ་ཤེས་ཐུབ་ཀྱི་འདུག་ཅེས་དང་། བོད་མི་ཚོས་ཏཱ་ལའི་བླའི་༧སྐུའི་གྱ་སྟོན་སྲུང་བརྩི་ཞུ་བཞིན་པ་ལྟར་ཀོ་རི་ཡའི་སྲོལ་རྒྱུན་དུའང་བགྲེས་སོང་ཞིག་ལོ་ན་བརྒྱད་བཅུར་སོན་ཚེ་སྐྱེས་སྐར་གྲ་རྒྱས་པོ་ཞིག་གཏོང་སྲོལ་ཡོད་སྐོར་དང་། ༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་དང་བོད་ཀྱི་ཆོས་དང་རིག་གཞུང་སོགས་ལ་བསྔགས་བརྗོད་ཀྱི་གསུང་བཤད་གནང་། ཅིག་བྱས་ན་མ་འོངས་པར་ཁོང་ཉིད་སྲིད་དོན་གྱི་ལས་རིགས་དང་གཏན་བྲལ་འདྲ་བྱུང་རྗེས་༧གོང་ས་མཆོག་དང་མཇལ་རྒྱུའི་གོ་སྐབས་ཡོང་སྲིད་ཅེས་སོགས་གསུངས།
ཁོང་ནི་ལྷོ་ཀོ་རི་ཡར་འཁྲུངས་ཤིང་ཆུང་དུས་ནས་ནེའུ་ཛེ་ལན་ཌར་འཚར་ལོངས་བྱུང་ཞིང་དེང་སྐབས་རྒྱལ་ཁབ་འདིའི་ནང་ཅུང་གྲགས་ཆེ་བའི་སྲིད་དོན་པ་གནད་ཡོད་ཅན་ཞིག་ཀྱང་རེད། དེ་ནས་རྒྱ་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཁྲན་ཝུས་ཅན་གྱིས་རྒྱ་རིགས་གྲོགས་པོ་ཞིག་ནས་༧སྐུའི་གྱ་སྟོན་ལ་རྟེན་འབྲེལ་མཚོན་བྱེད་དུ་ཆེད་དུ་དམིགས་ནས་བྲིས་པའི་༧གོང་ས་མཆོག་གི་སྐུ་ཡི་རི་མོ་ཞིག་དང་། རྒྱ་ཡིག་ཐོག་བྲིས་པའི་ཤིས་ཚིག་དཔར་སྒྲོམ་དང་མཉམ་དུ་བོད་རིགས་སྤྱི་མཐུན་ཚོགས་པར་ཕུལ་བ་དང་གཏམ་བཤད་བྱས།
དེ་ནས་༧སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་ཞུ་དང་མཇལ་དར་སྒྲོན་འབུལ་ཞུས་གྲུབ་མཚམས་བླ་སྤྲུལ་དགེ་བཤེས་དང་དགེ་འདུན་པ་ཚོས་དབུ་ཁྲིད་ནས་ཚང་མས་༧གོང་ས་ཡིད་བཞིན་ནོར་བུའི་༧ཞབས་བརྟན་གསོལ་འདེབས་དབྱིན་བོད་གཉི་ཀའི་ནང་དུ་འུར་འདོན་བྱས། དེ་ནས་བོད་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གླུ་གཞས་འཁྲབ་སྟོན་བྱས་ཡོད་པ་རེད།
ཕྱི་ཚེས་ ༥ ཉིན་བཀྲ་ཤིས་སྒོ་མང་ཆོས་ཚོགས་སུ་གྱ་སྟོན་སྲུང་བརྩི་དང་། ཕྱི་ཚེས་༦ ཉིན་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྡོ་རྗེ་འཆང་ཆོས་ཚོགས་ཀྱི་གོ་སྒྲིག་འོག་དགོང་དྲོ་ཆུ་ཚོད་༦:༣༠ ཐོག་བོད་རིགས་སོགས་ཚང་མ་ལྷན་འཛོམས་ཀྱིས་མུ་མཐུད་༧སྐུའི་གྱ་སྟོན་སྲུང་བརྩི་ཞུས་ཡོད་པ་རེད། །
གསར་འགོད་པ་ཆོས་ཉིད་འོད་ཟེར།