སིམ་ལའི་ཆིངས་ཡིག་ལ་ཡང་སྲིད་འཁྲུངས་པ།

ཕྱི་ལོ་༡༩༡༣ ལོར་དབྱིན་གཞུང་དང་བོད་གཞུང་གིས་བཞག་པའི་སིམ་ལའི་ཆིངས་ཡིག་ལ་ངོས་འཛིན་དང་དོ་སྣང་གསར་པ་ཞིག་རང་ཤུགས་ཀྱིས་བྱེད་དགོས་བྱུང་བཞིན་ཡོད་ཚུལ་འདུག

 

འོ་ན་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། སིམ་ལའི་ཆིངས་ཡིག་དང་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱ་དཀར་ནག་གཉིས་ཀྱི་རྩོད་གླེང་བར་འབྲེལ་བ་གང་ཡོད་པ་དང་། སིམ་ལའི་ཆིངས་ཡིག་ལ་ཡུན་ཚད་ཇི་ཙམ་དང་ནུས་པ་གང་ཡོད་དམ།
ལྷག་པར་དུ་ཉིན་ཤས་རྗེས་སིམ་ལར་བོད་དོན་ཐོག་མཁས་པ་དང་འགན་ཁུར་བ་འགའ་ཞིག་་གིས་སྔོན་ཤུལ་རྗེས་འབྲང་གིས་སིམ་ལར་བཞག་པའི་ཆིངས་ཡིག་འདི་དང་འབྲེལ་བའི་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་ཚུལ་འདུག་པས། ཁོང་ཚོས་ལངས་ཕྱོགས་ཅི་འདྲ་ཞིག་འཛིན་པ་དང་། གྲུབ་འབྲས་ཅི་ཞིག་ཐོན་གྱི་རེད་དམ། སྐབས་དེར་རྒྱ་དཀར་ནག་གཉིས་ནས་མཉམ་ཞུགས་བྱེད་ཀྱི་ཡོད་དམ།

སྤྱིར་རྒྱ་གར་ལ་མཚོན་ན། ད་ལྟ་རྩོད་གླེང་བྱེད་བཞིན་པའི་ས་མཚམས་ཀྱི་དཀའ་རྙོག་ནི་བྷེ་རག་ཨོ་བྷ་མས་ཨབ་གྷན་ལ་བཅངས་པའི་དམག་སྲིད་ལས་ཛ་དྲག་ཆེ་བ་ཞིག་ཏུ་སྣང་གི་ཡོད་པ་རེད། རྒྱུ་མཚན་ནི་ཕྱི་ལོ་༡༩༦༢ སྔོན་གི་གནས་སྟངས་དང་དེང་སང་རྒྱ་ནག་གི་བྱེད་སྟངས་འདྲ་བོ་ཡོད་པ་རེད། འོན་ཀྱང་རྒྱ་ནག་གིས་ད་ལྟའི་ཆར་དེ་ལས་ལྡོག་སྟེ་ལྷོ་ཤར་ཨ་ཤི་ཡའི་རྒྱལ་ཁབ་རྣམས་ལ་འབྲེལ་ལམ་རྩ་འཛུགས་ལ་ཤུགས་སྣོན་དང་། དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་ལ་འབད་པ་ལས། རྒྱ་གར་ལ་ཁ་གཏད་ལངས་རྒྱུའམ། རྒྱལ་མཚམས་རྒྱ་བསྐྱེད་གཏོང་རྒྱུ་དེ་གཙོ་བོར་བརྩིས་ཀྱི་མེད་པ་རེད། ད་ལྟ་རྒྱ་གར་གྱི་སེམས་ནང་དུ་རྒྱ་ནག་གིས་རྒྱལ་མཚམས་རྒྱ་བསྐྱེད་ཀྱིས་རྒྱ་གར་ལ་དགྲ་ཁ་གཏད་དུ་ལངས་འདུག་བསམས་པ་ནི་གཡོ་སྒྱུ་རང་བཞིན་ཅན་གྱི་རྒྱ་ནག་གི་ཆབ་སྲིད་འོག་ནས་རྨོངས་གཉིད་ལས་སད་མེད་པའི་རྟགས་ཟངས་དམར་བསྟན་པ་རེད།

སྤྱིར་འདས་པའི་ལོ་ཤས་སྔོན་ནས་རྒྱ་གཞུང་གི་འཆར་འགོད་པ་འགས་ཡར་ཀླུང་གཙང་པོའི་ཆུ་འགོ་ནས་རིམ་པས་ཉམས་ཞིབ་ཀྱིས་ནུབ་བརྒྱུད་གསར་སྐྲུན་ཆེན་མོའི་འཛུགས་སྐྲུན་རྨང་གཞི་བཏིང་བ་དང་། རིམ་པས་ལས་གཞི་དེ་རྒྱ་བསྐྱེད་བཏང་ནས། ད་ཆ་རི་བོ་ཐང་སྒྱུར་དང་གཙང་པོ་མཚོ་སྒྱུར་གྱིས་ལས་དོན་དུ་བསྒྱུརད་ཟིན་ཡོད་ཀྱང་། རྒྱ་གར་གྱིས་དངོས་སུ་ཅི་ཡང་མ་རྟོགས་པ་ཞིག་རེད་དམ། ཡང་ན་རྟོགས་ཀྱང་རྒྱ་ནག་གིས་བོད་ལ་བསྟར་བའི་སྲིད་ཇུས་ལ་ལག་པ་འཆང་མ་ཕོད་པ་ཞིག་ཡིན་མིན་མི་ཤེས་ཀྱང་རྒྱ་གར་ལ་ཁག་ཡོད་པ་མ་རེད།

ད་ཆ་རྒྱ་གར་ལ་དངོས་སུ་ར་འཕྲོད་པའི་གནས་ཚུལ་གསར་པ་གཅིག་ནི། བོད་རིགས་དག་གི་བརྒྱུད་ནས་ཤེས་རྟོགས་བྱུང་བའི་རྒྱ་ནག་གི་ཡར་ཀླུང་གཙང་པོར་ཨ་སྒོར་ས་ཡ་༡༥༠ བཏང་ནས་ཆུ་མཛོད་འཛུགས་འཆར་ཡོད་པ་དེ་ཡིན་པ་རེད།

ངས་གོ་བ་ལྟར་ན། རྒྱ་ནག་གིས་ཡར་ལུང་གཙང་པོའི་ཁ་ཕྱོགས་བསྒྱུར་འཆར་ཅེས་པ་ཐོག་མར་རྒྱ་གར་གྱིས་ཤེས་རྟོགས་བྱུང་བ་ཞིག་མིན་པར་བྷང་ལ་དྷེ་ཤིའི་ཆབ་སྲིད་ཚན་རིག་པ་ཁ་ཅིག་གིས་དོགས་སློང་བྱས་པ་ཞིག་ཡིན་ཚོད་འདུག་ཅིང་། གཞི་ནས་རྒྱ་གར་བ་རྣམས་ཁྱི་མཐོང་དུས་རྡོ་དྲན་ཞེས་པའི་དཔེ་ལྟར། བརྟག་དཔྱད་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་ཚུགས་ཡོད་འདུག དེ་ནི་རྒྱ་གར་གྱི་ཆབ་སྲིད་པ་ཚོས་གོ་ས་དང་དབང་ཆར་ཤི་འཐམ་རོ་འཐམ་གྱིས་འོས་ཤོག་ལ་དོན་གཉེར་བྱས་པ་ལས་རྒྱལ་ཁབ་ལ་དགོངས་པ་མ་བཞེས་པ་རེད་ཅེས་བརྗོད་ནའང་ཆོག་པ་ཞིག་རེད་དེ་སྐབས་དོན་གུས་པར་འབྲེལ་བ་གང་མི་འདུག་པས་གླེང་བར་མི་སྤྲོ།

དེ་ལྟར་ནའང་རྒྱ་དཀར་ནག་བོད་གསུམ་གྱི་གནད་དོན་ནི་ཕན་ཚན་འབྲེལ་བ་ཆེ་བས། སྐབས་འབྲེལ་གྱི་གནད་དོན་ཐོག་བགྲོ་གླེང་བྱེད་དགོས་པའི་གནད་ཅིག་ཏུ་མཐོང་།

དེ་ཡང་ད་རེས་ཀ་ཤི་སྨིར་རང་བཙན་གྱི་རྒྱལ་ཁབ་ཅིག་རེད་འདོགས་ཀྱིས་རྒྱ་ནག་གི་གཞུང་བས་ནས་ཐོངས་ཆེན་སྤྲད་པ་མ་ཟད། རྒྱ་བོད་ས་མཚམས་ཀྱི་དཀའ་རྙོག་དང་ཡར་ལུང་གཙང་པོ་རྒྱ་ནག་ཏུ་ཁ་ཕྱོགས་བསྒྱུར་རྒྱུའམ། དེར་ཆུ་མཛོད་འཛུགས་མིན་ཐད་ལྐོག་མ་མངོན་འགྱུར་གྱི་འཆར་གཞི་དག་ནི་རྒྱ་གར་ལ་ཆབ་སྲིད་ཀྱི་ཞགས་པ་གསུམ་གཡུག་པ་ཞིག་རེད་སྙམ། ཕྱོགས་གཅིག་ནས་ཕུགས་སུ་རྒྱ་གར་གྱིས་བོད་དོན་ལ་ངོས་འཛིན་གསར་པའམ་ཁ་དྲག་ས་མེད་པར་བཟོ་རྒྱུ་དང་། གཉིས་ཐད་ནས་རྒྱ་གར་ལ་ཉམས་ཚོད་ཅིག་བླངས་བ་དང། གསུམ་པ་དེར་རྒྱ་གར་གཞུང་རྩོད་གླེང་འདིར་ཐོམ་བཞིན་པའི་སྐབས་རྒྱ་ནག་དཔལ་འབྱོར་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུའི་ཐབས་རྩལ་བཏོན་པ་ཞིག་རེད།

དཔེ་མཚོན་ཞིག་བརྗོད་ན། ཁ་སང་ཐའེ་ལན་ཌའི་ནང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་བཅུའི་ལྷན་ཚོགས་ཞིག་ཚོགས་པ་དང་། སྐབས་དེར་རྒྱ་ནག་གིས་དཔལ་འབྱོར་དང་ཕྱི་འབྲེལ་གྱི་མཐུན་འབྲེལ་ཇེ་བཟང་གཏོང་རྒྱུར་འབད་ཡོད་ཀྱང་། རྒྱ་གར་གྱིས་རྒྱ་དཀར་ནག་གི་རྩོད་གླེང་ཞི་ཐབས་གཙོ་དམིགས་བྱས་ཡོད། ཚོགས་འདུ་དེར་རྒྱ་དཀར་ནག་གཉིས་ཀྱི་སྲིད་བློན་ཟུར་མཇལ་གྱིས་རྒྱལ་ཁབ་ གཉིས་བར་ཞི་བའི་གཉིས་མོལ་བྱས་ཡོད་ཀྱང་། གནད་དོན་ངོ་མའི་ཐོག་བགྲོ་གླེང་དང་ཐག་ཆོད་བྱེད་ཐུབ་མེད་པས་གསར་འགོད་པ་རྣམས་ཀྱིས་གནས་ཚུལ་ཁ་གསལ་ལ་མི་གསལ་བ་སྣ་ཚོགས་སྤེལ་མོས་ཡིན་པས་རྒྱ་གར་གྱི་མི་མང་རྣམས་ཕྱོགས་གཅིག་ནས་ཁ་སྐྱེངས་པ་དང་ཁོང་ཁྲོ་ཟ་བ་དང་། ཕྱོགས་གཞན་ཞིག་ནས་དོགས་པ་དངངས་འཚབས་ཀྱི་གནས་སུ་ལྷུང་ཡོད་པ་རེད།

དེ་རིང་རེ་གཟའ་མིག་དམར་ཉིན་རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ཐུག་འཕྲད་བྱེད་རྒྱུ་ཡིན་ཀྱང་གྲུབ་འབྲས་ལྡན་པའི་ཐག་ཆོད་ཅིག་ཡོང་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན་དེ་ལྟ་བུ་ཐུག་འཕྲད་ཐེངས་དགུ་ཙམ་བྱས་ཟིན་པ་རེད།

ད་ཆ་རྒྱ་ནག་ཨ་ཤི་ཡའི་གླིང་དུ་སྟོབས་ཆེན་རྒྱལ་ཁབ་ཅིག་འགྱུར་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་རེད་པ་མ་ཟད། རྒྱ་གར་ལ་དཔུང་པ་བརྡར་ཙམ་རེ་བྱས་ནས་སྟོབས་ཤུགས་ངོམ་འགོ་ཚུགས་པ་དང་། ཡང་རྒྱལ་ཁབ་ཆུང་བ་གཞན་རྣམས་ལ་ཁ་ལ་བྱིལ་རིལ་རེ་སྤྲད་ཅིང་། རྐུབ་ལ་ལྕགས་ཚན་རེ་ཞུས་ནས་རྒྱལ་ཁབ་ཆུང་བ་དབང་འོག་ཏུ་ཚུད་ཐབས་ཀྱིས་སྟབས་ཤུགས་ཆེ་རུ་གཏོང་བཞིན་ཡོད། དེར་བརྟེན་རྒྱ་གར་གྱིས་ནམ་ཞིག་དམག་ཞིག་འགོ་མ་ཚུགས་བར་ཁ་གཏད་བཅོག་སྤོབས་མེད་པའམ་གདོང་ལེན་བྱེད་མ་ཤེས་ནས་བསྡད་ཡོད་པ་རེད།

དེ་ལྟ་བུའི་རྒྱ་དཀར་ནག་གཉིས་ཀྱི་དཔྱིད་ཀའི་ཆབ་རོམ་དང་། སྟོན་ཀའི་ན་བུན་ལྟ་བུའི་དུས་ཚེགས་ཁྲོད་སིམ་ལའི་ཆིངས་ཡིག་ལ་ཡང་སྲིད་ཅིག་འཁྲུངས་ཡོད་པས། ང་ཚོས་ཁ་གཏད་ས་ཁ་དཀར་རྐྱང་། མདའ་འཕེན་ས་བྲེ་སེར་འབྲོང་ཞེས་པའི་དཔེ་ལྟར། གོ་སྐབས་འདི་དམ་འཛིན་གྱི་སིམ་ལིའི་ཆིངས་ཡིག་ལ་གསེར་ཁྲི་མངའ་གསོལ་ཞིག་བྱེད་ཐུབ་ན་མ་འོངས་བོད་ལ་འགྲོ་དོན་ཡོང་ངེས་རེད་སྙམ།