རྒྱ་ནག་གིས་བཤད་པར་བདེན་པ་རྙེད་ན་དགོངས་སེལ་ཞུ་ཆོག
དེ་ཡང་ྋགོང་ས་མཆོག་ཉི་ཧོང་དུ་ཆིབས་སྒྱུར་ག་དུས་བསྐྱངས་རུང༌། ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ཁག་གིས་རྒྱ་བོད་གཉིས་ཀྱི་གནད་དོན་སྐོར་ལ། གསར་འགོད་གསལ་བསྒྲགས་སོགས་གོ་སྒྲིག་ཐེངས་མང་གནང་མྱོང་ཡོད་ལ། ད་ཐེངས་ཡང་ྋགོང་ས་མཆོག་ལ་གསོལ་འདེབས་ཞུས་པ་བཞིན་གསར་འགོད་མཐུན་ཚོགས་སུ་ཕེབས་ནས། ྋགོང་ས་མཆོག་གིས་རྒྱ་བོད་གཉིས་ཀྱི་གནད་དོན་སྐོར་བཀའ་སློབ་བསྩལ་དོན། “རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་པའི་སྐོར་བརྗོད་ཀྱི་ཡོད་རུང༌། འཆམ་མཐུན་ཟེར་བ་ཡིད་ཆེས་དང་དད་པ་ཁོ་ན་ལ་བརྟེན་ནས་ཡོང་དགོས་པ་མ་གཏོགས། མི་དམངས་བཅིངས་གྲོལ་དམག་མིའི་མེ་མདའི་སོ་ཁ་ནས་ཡོང་ཐབས་མེད་པ་རེད་ལ། དེ་བཞིན་རྒྱ་ནག་མི་མང་ཐེར་འབུམ་༡ ལ་རྒྱ་ནག་དམར་ཕྱོགས་ཚོགས་པའི་དྲིལ་བསྒྲགས་གཅིག་པུ་མིན་པ། འཛམ་གླིང་རྒྱལ་སྤྱིའི་གནས་ཚུལ་ཚད་ལྡན་རྣམས་ཉན་པའི་ཐོབ་ཐང་ཡོད་དགོས་ངེས་རེད་”ཅེས་གསུང་ཡོད་པ་རེད།
དེ་བཞིན་ྋགོང་ས་མཆོག་ཟླ་འདིའི་མཇུག་ཏུ་རྒྱ་གར་གྱི་ས་ཁུལ་ཨ་རུ་ན་ཅལ་དུ་ཆིབས་སྒྱུར་གནང་འཆར་ཡོད་པར། རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་པའི་ཐད་ལ་བཀའ་སློབ་བསྩལ་དོན། “རྒྱ་ནག་གཞུང་གིས་སྐྱོན་བརྗོད་དེར་ངོས་ལ་ཡ་མཚན་སྐྱེས་བྱུང༌། སྔོན་དུས་ཕྱི་ལོ་༡༩༦༢ རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་ཤོར་བའི་སྐབས། མི་དམངས་བཅིངས་གྲོལ་དམག་གིས་ཨ་རུ་ན་ཅལ་ས་ཁུལ་དུ་བཙན་འཛུལ་བྱས་པ་རེད། ཡིན་ནའང་རྗེས་སུ་དམག་ཕྱིར་འཐེན་དང་དམག་འཁྲུག་མཚམས་འཇོག ད་ལྟའི་འཛམ་གླིང་རྒྱལ་སྤྱིའི་ས་མཚམས་དེ་ངོས་ལེན་ཆ་ཚང་བྱས་ཡོད་པ་རེད་”ཅེས་དང༌། ཁོང་ཐོག་མར་སྐྱབས་བཅོལ་དུ་ཐོག་མར་ཕེབས་སྐབས་ས་ཁུལ་དེ་བརྒྱུད་ནས་ཕེབས་ཡོད་པ་དང༌། འཇིགས་སྣང་ཆེ་བའི་འགྲུལ་བཞུད་ཁྲོད་ནས། ས་གནས་དེ་ནི་ཁོང་གི་སྐྱབས་བཅོལ་མི་ཚེའི་ནང་གསོན་ཤུགས་ཐོག་མར་རྒྱས་སུ་བཅུག་མཁན་ཡིན་པས། ཡང་ནས་ཡང་དུ་ཕེབས་རྒྱུའི་ཐུགས་འདུན་ཆེན་པོ་གནང་གི་ཡོད་པ་དང༌། དེ་ཡང་ཆབ་སྲིད་དང་འབྲེལ་བ་མེད་པའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད།
དེ་བཞིན་ྋགོང་ས་མཆོག་གིས་ཆོས་ལུགས་འཆམ་མཐུན་དང་འགྲོ་བ་མིའི་རིན་ཐང་སྤེལ་རྒྱུ་དེ་ནི། ཁོང་གི་སྐུ་ཚེའི་རིང་འོས་འགན་ཆེ་བའི་ཕྱག་ལས་གལ་ཆེན་གཉིས་ཡིན་པའི་སྐོར་འགྲེལ་བརྗོད་གནང་སྐབས། “ང་ཚོ་འགྲོ་བ་མིའི་གཟུགས་གཞི་དང་རང་བཞིན་གྱི་ཆ་ནས། སྐྱེད་མའི་ནང་གི་བྱམས་རྩའི་ས་བོན་ལས་བུ་ཕྲུག་ཚོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མ་གཏོགས། ཆོས་ལུགས་ཀྱི་དད་པ་དང་ཁྲིམས་ལུགས་ཀྱིས་མིའི་རང་བཞིན་ལ་ཐོག་མའི་བྱམས་བརྩེ་ཡོང་གི་ཡོད་མ་རེད་”ཅེས་དང། འགྲོ་བ་མིའི་རིན་ཐང་དེ་ཕ་མའི་བྱམས་བརྩེ་དང་སྙིང་རྗེ། ཤ་ཚ་སོགས་ལས་ཡོང་དགོས་པའི་སྐོར་དང༌། དེ་བཞིན་ྋགོང་ས་མཆོག་གིས། “ཉི་ཧོང་གི་སྲིད་བློན་ཡུས་ཀའོ་ཧ་ཊོ་ཡ་མ་མཆོག་གིས། ཉི་ཧོང་གཞུང་གི་ཆབ་སྲིད་ཀྱི་གནད་དོན་དང་རྟེན་གཞི་གཙོ་བོ་ཉི་ཧོང་མི་མང་ལ་བདེ་སྐྱིད་ཐོབ་ཆེད་དུ་ཡིན་ཞེས་བརྗོད་བྱུང་བས། ངོས་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་ཡི་ཡོད་”ཅེས་སོགས་བཀའ་སློབ་གཟབ་རྒྱས་བསྩལ་ཡོད་པ་རེད།
ད་ཐེངས་ཉི་ཧོང་དུ་ྋགོང་ས་མཆོག་གི་ཆིབས་སྒྱུར་འདི་ཟླ་འདིའི་ཚེས་༧ བར་བསྐྱངས་རྒྱུ་ཡིན་པ་དང༌། ཉི་ཧོང་དུ་ཡོད་པའི་བོད་མི་ཚོར་མཇལ་ཁ་གནང་རྒྱུ་དང་དེ་བཞིན་ལམ་གཙོ་རྣམ་གསུམ་སོགས་ཀྱི་གསུང་ཆོས་བཀའ་དྲིན་བསྐྱངས་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།