མདོ་སྨད་རྔ་པ་རུ་རྒྱ་རྒོལ་བ་གྲྭ་པ་གཉིས་དང་མི་སྐྱ་ཁག་ཅིག་འཇུ་བཟུང་།

ཟླ་འདིའི་ཚེས་༡༠ ཉིན་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་པ་གཉིས་ཀྱིས་སྔ་ཕྱིར་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་པ་དང་། རྒྱ་ནག་གི་ཉེན་རྟོག་པས་ཁོང་གཉིས་འཇུ་བཟུང་བྱས་པ་མ་ཟད། ཉེ་འཁོར་གྱི་བོད་མི་གཞན་ཁག་ཅིག་ཀྱང་འཇུ་བཟུང་བྱས་ཡོད་འདུག་ཀྱང་། ས་གནས་སུ་རྒྱ་གཞུང་གི་དམ་དྲག་ཧ་ཅང་ཆེ་བས། ཞིབ་འཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་རེད།
དེ་ཡང་དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་བ་ལྟར་ན། ཕྱི་ཟླ་༩ ཚེས་༡༠ ཉིན་གྱི་སྔ་དྲོ་རྔ་པ་ཀིརྟི་དགོན་གྱི་གྲྭ་ཨ་གྲགས། རང་ལོ་༢༠ ཙམ་ཡིན་པ་ཁོང་གིས་”བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་”ཅེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་བྱས་འདུག་པར་དེ་མ་ཐག་ཉེན་རྟོག་པས་རིབ་རྡུང་བྱེད་བཞིན་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། དེར་མཐུད་ནས་ཉེ་འཁོར་གྱི་བོད་མི་མང་པོས་སྐད་འབོད་སྣ་ཚོགས་བྱས་སྐབས་ཉེན་རྟོག་པས་མི་མང་ནང་གང་བྱུང་གཅར་རྡུང་གཏོང་བཞིན་མང་པོ་འཛིན་བཟུང་བྱས་ཡོད་ནའང་ད་བར་མི་དེ་དག་གི་མིང་དང་ས་གནས་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
གྲྭ་ཨ་གྲགས་ལགས་ནི་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་སོ་རུ་མ་སྡེ་པའི་ཕ་འཛམ་པ་དང་། མ་རིག་ཁོ་གཉིས་ལ་བུ་བུ་མོ་དགུ་ཡོད་པའི་ནང་གི་ཆུང་ཤོས་ཡིན་ལ། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག། ཕྱི་ལོ་༢༠༡༢ ལོར་ཁོང་གི་ཚ་བུ་གྲྭ་བློ་བཟང་ཚུལ་ཁྲིམས་ལ་ཡང་རང་ལུས་མེར་སྲེག་གི་རྒྱ་རྒོལ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ་ལོ་༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ནས་དེང་སྐབས་བཙོན་ཁང་དུ་ཡོད་མུས་ཡིན་འདུག
ཕྱི་ཚེས་༡༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༦ པ་ཙམ་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་། རང་ལོ་༢༢ ཡིན་པ་ཁོང་གིས་སྔར་བཞིན་“བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་”ཅེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་བྱས་འདུག་པར་དེ་མ་ཐག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པས་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད།

གྲྭ་བློ་བཟང་ནི་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཕ་སྒ་ཚེ་དང་མ་གནས་སྐྱིད་གཉིས་ལ་བུ་བུ་མོ་ལྔ་ལྷག་ཡོད་པའི་ནང་གི་བཞི་པ་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག
གཞན་ཡང་གནས་ཚུལ་ཡོང་ཁུངས་ནས་བརྗོད་པར་མི་སྐྱ་སྐོར་ཞིག་གིས་ཀྱང་ཚེས་༡༠ ཉིན་བོད་ནང་གི་ཉིན་གུང་ཙམ་ལ་རྔ་པ་རྫོང་མཁར་གྱི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཞི་བའི་གོམ་བགྲོད་བྱས་ཡོད་པའི་གནས་ཚུལ་འདུག་ཀྱང་ཞིབ་ཕྲ་ཤེས་རྟོགས་མ་བྱུང་བ་དང་། དེ་མིན་བདུན་ཕྲག་འདིའི་ནང་ལ་བསྟུད་མར་ངོ་རྒོལ་སྐད་འབོད་གནང་མཁན་བཞི་བྱུང་ཡོད་པ་ཚང་མ་འཛིན་བཟུང་བཙན་ཁྲིད་བྱས་རྗེས། གང་དུ་བཀག་ཉར་བྱས་ཡོད་མེད་དང་གནས་སྟངས་ཅི་ཡིན་སོགས་ཟུར་ཙམ་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། ཁ་སང་བོད་ནང་གི་ཉིན་གུང་ཙམ་ནས་མི་སྒེར་གྱིས་བེད་སྤྱོད་བྱེད་བཞིན་པའི་དྲ་ལམ་ཡོངས་རྫོགས་བཅད་ཅིང་། ཁྲོམ་གཞུང་དང་ལམ་གྱི་བཞི་མདོ་ཁག་ལ་ཉེན་རྟོག་པའི་སྤྱི་སྤྱོད་རླངས་འཁོར་དང་རླངས་འཁོར་ཆུང་བ་མང་རུ་བཏང་ནས་ཉེན་རྟོག་པ་ཁ་སྣོན་བྱས་ཡོད་པ་སོགས་དམ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོ་ཟེར།