རྒྱ་གཞུང་གིས་མནར་གཅོད་གཏོང་བཞིན་པའི་བོད་མི།

ཉེ་ཆར་ཕྱི་ཟླ་༡༠ ཚེས་༢༡ ནས་བོད་མི་ཁག་ཅིག་གུན་གསབ་རག་ཐབས་སུ་པེ་ཅིང་ལ་གཏུག་བཤེར་བྱེད་པར་སོང་ཡང། པེ་ཅིང་ས་གནས་སྲིད་གཞུང་གིས་ཚོགས་པ་དེའི་ལས་ཁུངས་ཡོད་ས་ཐན་ཅིང་ལ་འགྲོ་དགོས་ཚུལ་བརྗོད་ནས་བདེན་དཔང་རྩ་བ་ནས་བྱས་མེད་པ་དང། ཐན་ཅིང་ལ་སོང་ཡང་གཞུང་གིས་ཁ་ཡ་མ་བྱས་པར་གཡོལ་ཐབས་ཁོ་ན་བྱས་པར་བརྟེན། བོད་མི་༡༥༠ ཙམ་གྱིས་པེ་ཅིང་དང་ཐན་ཅིང་སོ་སོར་ངོ་རྒོལ་བྱས་ནས་བསྡད་སྟབས། སུས་བཏང་མིན་མི་ཤེས་པའི་མི་འདྲ་མིན་ཡོང་ནས་བོད་མི་རྣམས་ལ་རྡུག་རྡེག་བཏང་བ་དང། ཁ་ཤས་ལ་རྨས་སྐྱོན་ཆེན་པོ་ཕོག་ནས་སྨན་ཁུང་དུ་ལུས་ཡོད་འདུག  དེའི་ཁྲོད་བོད་མི་གཅིག་གྲོངས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། དེར་བརྟེན་བོད་མི་ཚོས་འུ་ཐུག་གི་གནས་ཚུལ་དེ་འཛམ་གླིང་མི་མང་གིས་ཤེས་ཐབས་སུ་ཤི་ནའང་ངོ་རྒོལ་བྱེད་རྒྱུའི་དམ་བཅའ་བཞག་ཡོད་འདུག

རྒྱ་གཞུང་གིས་བོད་མི་ཚོར་ཁྲིམས་ལུགས་ཀྱི་ཐོག་ནས་གནད་དོན་རྩད་གཅོད་མ་བྱས་པར་རྐུན་རྒྱབ་རྫུན་ལངས་ཀྱིས་ཁེ་ལས་ཚོགས་པ་དེའི་རྒྱབ་རྩ་བྱས་ནས་དཀའ་ངལ་དེ་དག་སེལ་ཐབས་བྱས་མེད་པ་མ་ཟད། ཕྱི་ཚེས་༦ ཉིན་གྱི་ཞོགས་པར་ཉེན་རྟོག་པ་དང་དམག་མི་ཡོང་ནས་བོད་མི་རྣམས་ལ་ཉེས་རྡུག་ཚད་མེད་བཏང་བ་དང། རྐང་ལག་ལ་ལྕགས་བརྒྱབ་ནས་བཙན་འཁྲིད་བྱས་ཡོད་པ་རེད། འོན་ཀྱང་ས་གནས་གང་ཞིག་ཏུ་ཁྲིད་ཡོད་མེད་གནས་ཚུལ་གསལ་ཁ་མེད་པ་རེད།

གསར་འགོད་གསལ་བསྒྲགས་ནང་དུ་འཁོད་དོན། གནས་ཚུལ་འདི་རིགས་ནི་སྲིད་དབང་སྒེར་སྤྱོད་རིང་ལུགས་དང། ལྐོག་ཟ་རུལ་སུངས་དང་མི་རིགས་དབྱེ་འབྱེད་ལ་གོམས་པའི་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཐོག་ལག་བསྟར་བྱེད་པའི་རྒྱུན་ལྡན་རང་བཞིན་ཞིག་རེད། བོད་མི་ཚོའི་དཀའ་ངལ་དེ་ཡང་རྒྱ་གཞུང་གི་འདས་པའི་བྱ་སྤྱོད་གང་ལ་གཞིགས་ཀྱང་དྲང་བདེན་ཐོག་ཐག་གཅོད་ལེགས་པོ་ཞིག་བྱུང་བར་ངོས་འཛིན་བྱེད་ཀྱི་མེད་ཅེས་དང། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་ཞུ་རྒྱུར། ཁྱེད་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མི་མང་གི་ཁེ་དབང་སྲུང་སྐྱོབ། མི་རིགས་ཀྱི་གཞི་རྩའི་རང་དབང་ཐད་སྲུང་སྐྱོབ་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་འོག་གྱོང་གུན་ཕོག་པའི་བོད་མི་དེ་དག་གི་གྱོང་གུན་ཁ་གསབ་དང། དེ་ལས་ལྡོག་སྟེ་བོད་མི་དེ་དག་ལ་ཉེས་ཁག་མི་འབྱུང་བའི་སླད་ཕྱོགས་གང་ས་ནས་རོགས་སྐྱོར་གནང་རོགས་ཞེས་འཁོད་ཡོད་པ་རེད།

དེའི་སྐོར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་བོད་ནང་གི་བོད་མི་རྣམས་ལ་རྒྱ་གཞུང་གིས་མནར་གཅོད་གཏོང་གི་ཡོད་པ་དེར་ང་ཚོས་ངོ་རྒོལ་ཡོད་པ་དང། ང་ཚོས་རྒྱལ་སྤྱིའི་སྒང་ལ་ཁྱབ་བསྒྲགས་སོགས་བྱས་ནས་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང།།