གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་བའི་གཟུགས་པོའི་གནས་སྟངས་སྐྱོ་རུ་འགྲོ་ཡི་ཡོད་པ་རེད།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་གསུམ་གྱིས་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་དགོས་འདུན་དོན་ཚན་ལྔ་རྒྱལ་ཚོགས་ལ་བཏོན་ཏེ། དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་ནས་ཉིན་བཅུ་གསུམ་འགྲོ་ཡི་ཡོད་པ་རེད།
ཟླ་འདིའི་ཚེས་༢༠ ཉིན་ལྡི་ལིར་མཐོ་སློབ་ཁག་ཏུ་བསྐྱོད་བཞིན་པའི་ལྡི་ལིའི་རོ་ཧི་ན་བོད་ཁྱིམ་སློབ་མ་༧༠ ལྷག་གིས་ཁོང་རྣམ་པའི་སྙིང་སྟོབས་དང་དགོས་འདོན་ཁག་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ཉིན་གཅིག་རིང་ཁོང་ཚོ་མཉམ་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
ཟླ་འདིའི་ཚེས་༡༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་དང་རྒྱུན་ལས་ཁག་ཅིག་ལྡི་ལིའི་རྒྱལ་ཚོགས་ཀྱི་ལས་ཁུངས་དང་ཡུ་རོབ་མཐུན་ཚོགས་ཀྱི་ལས་ཁུངས་སུ་ཆེད་བཅར་བྱས་ཏེ། དགོས་འདུན་དོན་ཚན་ལྔ་འཁོད་པའི་སྙན་ཞུ་ཡང་བསྐྱར་ཕུལ་བ་དང་བོད་ཀྱི་གནས་སྟངས་སྤྱི་དང་ཟས་བཅད་ལས་འགུལ་བའི་གཟུགས་པོའི་གནས་སྟངས་སྙན་སེང་ཞུས། རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མ་ཡོད་སའི་སིད་སི་རྗེ་ནེ་ཝ་དང་། ཨ་རིའི་ནིའུ་ཡོག་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་ཀྱིས་ཞུ་གཏུགས་བྱེད་འཆར་ཡོད་པ་རེད།
ཟས་བཅད་ངོ་རྒོལ་བ་རྣམས་ཀྱིས་ཆུ་རྐྱང་བཏུང་བ་ལས། ཟས་བཅད་བྱས་ཏེ་ཉིན་༡༢ འགྲོ་ཡི་ཡོད་པ་དང་། མི་རེའི་གཟུགས་པོའི་ལྗིད་ཚད་ཀི་ལོ་དྲུག་བདུན་རེ་མར་ཆགས་ཡོད་པ་དང་། གཟུགས་པོའི་གནས་སྟངས་ཉིན་རེ་བཞིན་སྐྱོ་རུ་འགྲོ་ཡི་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིའི་རྒྱལ་སར་འབྱོར་གྱི་ཡོད་པས། དེའི་སྐབས་ཨ་རིར་གནས་སྡོད་བོད་མི་ཚོས་ངོ་རྒོལ་ཁྲོམ་སྐོར་བྱེད་རྒྱུ་གོ་སྒྲིག་བྱེད་བཞིན་ཡོད་པ་རེད།
ལས་འགུལ་དེའི་སྐབས་མཉམ་འབྲེལ་རྒྱལ་ཚོགས་ལ་གཤམ་འཁོད་ཀྱི་དོན་ཚན་ལྔ་ཅན་གྱི་དགོས་འདུན་བཏོན་ཡོད་པ་རེད།
༡༽་་་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ནས་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་དགོས།
༢༽་་རྒྱ་ནག་སྲིད་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་ མཁན་བོད་མིའི་དགོས་འདུན་ཁག་ལ་འགན་འཁུར་ཡ་ལན་དགོས་པ་ནན་བསྐུལ་མཐའ་འཁྱོལ་བྱ་ དགོས།
༣༽་་་རྒྱ་ནག་སྲིད་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་ དཔང་གསལ་སྟོན་དགོས་པ་ནན་བསྐུལ་བྱ་དགོས།
༤༽་་་བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས།
༥༽ ་རྒྱ་ནག་སྲིད་གཞུང་ལ་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས་པ་ནན་བསྐུལ་བྱ་དགོས།།
གསར་འགོད་པ་ཆོས་ཉིས་འོད་ཟེར་གྱིས།

ཐེངས་འདིའི་ཟས་བཅད་ངོ་རྒོལ་བ་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ནི་༡༩༨༢ ལོར་བལ་ཡུལ་སྤོག་ར་གློ་སྒྲིག་ཁྱབ་ཁོངས་བྱམས་པ་གླིང་གཞིས་ཆགས་སུ་སྐྱེས། ཕ་དམ་པ་ཨ་འབྲུག་བཀྲ་ཤིས་དོན་གྲུབ་༡༩༥༩ ལོར་བཙན་བྱོལ་དུ་འབྱོར་ནས་ ༡༩༦༠ ལོར་བལ་ཡུལ་གློ་དྲག་པོའི་སྒྲིག་འཛུགས་ནང་འཛུལ་ཞུགས་ཀྱིས་བོད་བསྟན་སྲིད་མི་ རིགས་ཆེད་མི་ལོ་བཅུ་བཞིའི་རིང་སྒྲིག་འཛུགས་ཀྱི་ལས་དོན་ནང་ཞུགས། རིམ་བཞིན་དྲག་པོའི་སྒྲིག་འཛུགས་མཇུག་བསྒྲིལ་གྱིས་བལ་ཡུལ་སྤོག་ར་གློ་སྒྲིག་ ཁྱབ་ཁོངས་བྱམས་པ་གླིང་གཞིས་ཆགས་ནང་གཞིས་ཆགས། རྟ་མགྲིན་སྲིད་གཅོད་སློབ་མཐར་ཕྱིན་རྗེས། ཕྱི་ལོ་ ༢༠༠༧ ནས་གློ་སྒྲིག་བྱམས་པ་གླིང་ས་གནས་སུ་སྤྱི་མི་བརྒྱ་དཔོན་དང་། ས་གཞོན་དང་། ས་གཞོན་ཚོགས་གཙོ། ས་གནས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཀྱི་ལས་འགན་རིམ་པས་ཁུར་མྱོང་ཡོད་པ་རེད།
ཟས་བཅད་ངོ་རྒོལ་བ་གཞོན་ལྷན་དཔལ་འབྱོར་འགན་འཛིན་བསྟན་འཛིན་དབང་ཕྱུག་ནི་ཕྱི་ལོ་ ༡༩༧༦ ལོར་ཕ་དམ་པ་ཏྲེ་ཧོར་ལྷག་པ་ཚེ་རིང་དང་མ་ནང་ཆེན་ཀུན་བཟང་ཆོས་སྒྲོན་གཉིས་ཀྱི་ བུ་རྒན་པར་སྐྱེས། ཁོང་གི་ཕ་དམ་པ་ མདོ་ཁམས་ཆུ་བཞི་སྒང་དྲུག་ནང་བཞུགས་མྱོང་ཡོད་པ་རེད། བསྟན་འཛིན་དབང་ཕྱུག་སློབ་ཐོན་རྗེས། ཕྱི་ལོ་ ༡༩༩༩ ནས་ ༢༠༠༢ བར་ན་ནི་ཏལ་ས་གནས་བོད་ཀྱི་གཞོན་ནུའི་ཟུང་དྲུང་གནང་། ༢༠༠༣ ནས་༢༠༠༤ བར་ལྡི་ལི་རོ་ཧི་ནི་ས་གཞོན་གྱི་ཟུང་དྲུང་གནང་། ༢༠༠༤ ནས་༢༠༠༧ བར་དང་ཕྱི་ལོ་ ༢༠༡༠ ནས་ ༢༠༡༣ བར་ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ༡༩༩༩ ནས་ད་བར་ World Bodh Warriors Paltan, Junagar, Gujarat ལྷན་ཚོགས་ཀྱི་ཕྱི་འབྲེལ་འགན་འཛིན་གནང་།
ཟས་བཅད་ངོ་རྒོལ་བ་གཞོན་ལྷན་ཕྱི་འབྲེལ་དང་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ནི་ ཕ་ཚེ་འདས་ལུ་ར་དང་མ་ཚེ་རིང་ཆོས་འཛོམས་གཉིས་ཀྱི་བུ་མོར་སྐྱེས། ཁོ་མོའི་ཕ་དམ་པ་བོད་ནང་རྒྱ་དམར་དམག་མིའི་ཧམ་འཛུལ་གྱི་བཙན་འཛུལ་བྱས་སྐབས་ མདོ་ཁམས་ཆུ་བཞི་སྒང་དྲུག་ནང་འཛུལ་བཞུགས་གནང་ཡོད་འདུག ཕྱི་སུ་བཙན་བྱོལ་དུ་འབྱོར་རྗེས་བལ་ཡུལ་གློ་དྲག་པོའི་སྒྲིག་འཛུགས་ནང་འཛུལ་ བཞུགས་བྱས།
ཁོང་སློབ་ཐོན་རྗེས། ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་འདྲ་མིན་བརྒྱུད་བོད་དོན་དྲིལ་བསྒྲགས་ དང་། གློ་དྲག་པོའི་སྒྲིག་འཛུགས་ཀྱི་དམག་ཟུར་ཚོའི་ལོ་རྒྱུས་མཁོ་སྒྲུབ་ཀྱིས་རྒྱལ་ སྤྱིའི་གསར་འགྱུར་བརྒྱུད་ལམ་ནང་འདོན་ཐུབ་པ་བྱུང་ཡོད་འདུག
༢༠༡༠ ནས་ ༢༠༡༣ བར་བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བལ་ཡུལ་དུ་ཡོད་པའི་ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཡན་ལག་ནང་ཚོགས་མི་འཛུལ་བཞུགས་ཀྱི་བོད་དོན་དང་འབྲེལ་བའི་ལས་དོན་གནང་། ༢༠༡༠ ལོར་བལ་ཡུལ་ས་གཞོན་གྱི་ཚོགས་གཙོའི་འགན་འཁུར། །
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།
གནས་ཚུལ་སྔོན་སོང་།གནས་ཚུལ་སྔོན་སོང་།