ཨོ་བྷ་མས་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་གཟིཌ་སྐོར།

རྒྱ་ནག་གི་རང་བཙན་གྱི་བདག་དབང་དང་ས་ཁུལ་གོང་བུ་གཅིག་གྱུར་གྱི་གནས་བབས་ལ་གུས་བརྩི་ཞུ་རྒྱུ་དང་། ཏཱ་ལའི་བླ་མ་ཞིང་བྲན་ལམ་ལུགས་ཀྱི་འགོ་གཙོ་དང་། ཕྱི་ལོ་༡༩༥༩ རྗེས་ནས་ཞིང་པ་ས་ཡ་མང་པོ་ཏཱ་ལའི་བླ་མའི་དབང་བསྒྱུར་འོག་ནས་རང་དབང་ཐོབ་ཡོད་པ་ཤེས་རྟོགས་ཡོང་བ་བྱེད་དགོས་”ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་བོད་དོན་རྒྱབ་སྐྱོར་བ། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་བཅས་ཀྱིས། ཨ་རིའི་སྲིད་སྐྱོང་གི་ངོས་ནས་༸གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ནས་ཕྱིར་འཁོར་བ་དང་མཇལ་འཕྲད་ཞུ་འཆར་ཡོད་སྐོར་ཁྱབ་བསྒྲགས་བྱས་པའི་ལན་དུ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས། “ཕྱི་རྒྱལ་གྱི་དཔོན་རིགས་ཆེ་གྲས་སུ་འདྲ་ཞིག་གིས་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱས་ན། རྒྱ་ནག་གཞུང་གི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ལ། དེ་བཞིན་སྔོན་དུས་ཨ་རིའི་སྲིད་འཛིན་ཟུར་པ་སྙན་གྲགས་ཅན་ཨབ་ར་ཧམ་ལིན་ཁཱོལ་ མཆོག་གིས། ཨ་རིའི་མི་རིགས་ནག་པོ་རྣམས་ཞིང་བྲན་ལམ་ལུགས་ཀྱི་དཀའ་སྡུག་འོག་ནས་བཅིངས་གྲོལ་བཏང་ཡོད་པར། ཨ་རིའི་མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་ཨོ་བྷ་མ་ཁྱེད་ཀྱིས་ཡིད་སྨོན་བྱེད་བཞིན་པ་བཞིན་དུ། རྒྱ་ནག་གིས་ཀྱང་༡༩༥༩ ལོར་ཞིང་བྲན་ལམ་ལུགས་ཀྱི་དཀའ་སྡུག་འོག་ནས་མི་མང་ས་ཡ་མང་པོ་བཅིངས་གྲོལ་བཏང་ཡོད་པ་དེ་དང་གཅིག་མཚུངས་རེད་”ཅེས་བརྗོད་ཡོད་པ་རེད། ཡང་མགྲིན་ཚབ་པ་དེས་མུ་མཐུད་ནས། “སྲིད་འཛིན་ཨོ་བྷ་མ་ནི་འཛམ་གླིང་འདིའི་རྒྱལ་ཁབ་ཁག་གི་དཔོན་རིགས་ཚོ་ལས་ལྷག་པ། རྒྱ་ནག་གི་རང་བཙན་གྱི་བདག་དབང་དང་ས་ཁུལ་གོང་བུར་གཅིག་གྱུར་ལ། གོ་རྟོགས་གཏིང་ཟབ་དང་ཤེས་ཚོར་རྣོན་པོ་ཡོད་པའི་སྲིད་འཛིན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་སོགས་བརྗོད་ཡོད་པ་རེད།  གསར་འགོད་གསལ་བསྒྲགས་སྐབས་འཛོམས་པའི་མི་མང་པོས་བགྲོ་གླེང་ཤུགས་ཆེན་བྱས་ཡོད་པའི་ནང།  ཧྲང་ཧེ་ཨ་རིའི་ཤེས་ཡོན་བསྟི་གནས་ཧྥུ་ཌན་གཙུག་ལག་སློབ་གྲྭ་ཆེན་མོའི་ངེས་སྟོན་པ་ཤཱན་ཌིང་ལི་ཟེར་བས། “ངས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ནུབ་ཕྱོགས་པ་ཚོས་ཏཱ་ལའི་བླ་མའི་སྐད་ཆ་ཁོ་ནར་ཉན་འཇོག་བྱས་པ་ལས། ང་ཚོའི་ཕྱོགས་ཀྱི་རྩོད་གླེང་ལ་རྩ་བ་ནས་ཉན་གྱི་ཡོད་མ་རེད་”ཅེས་བརྗོད་ཡོད་པ་རེད། ཡང་ཀོ་ལུམ་བྷི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་དེང་རབས་བོད་རིག་པའི་འཆར་འགོད་བསྟི་གནས་ཁང་གི་ངེས་སྟོན་པ་རཱོབ་བྷཱི་བྷར་ནི་ཊི་མཆོག་གིས། “རྒྱ་ནག་གི་དཔོན་རིགས་ཚོས། ཨ་རིའི་མི་རྣམས་ཀྱིས་བོད་ཀྱི་གནད་དོན་དེ། གྲང་ཉུང་མི་རིགས་ཀྱི་གནད་དོན་ཙམ་ཞིག་ལ་ངོས་འཛིན་བྱེད་ཐབས་ཀྱི་སྲིད་ཇུས་འགོ་འཛུགས་བྱེད་ཀྱི་ཡོད་པ་རེད། རྒྱུ་མཚན་གང་ཡིན་ཞེ་ན། གྲང་ཉུང་མི་རིགས་ཀྱི་གནད་དོན་ནི་འཛམ་གླིང་འདིའི་རྒྱལ་ཁབ་ཡོངས་རྫོགས་ཀྱི་རྒྱུན་ལྡན་གྱི་གནད་དོན་ཞིག་ཡིན་པ། རྒྱ་ནག་དབུས་གཞུང་གིས་མཐོང་གི་ཡོད་པ་རེད་”ཅེས་གསུངས་ཡོད་པ་རེད།

དེ་བཞིན་ཟླ་འདིའི་ཚེས་༡༥ ཉིན་སྲིད་འཛིན་ཨོ་བྷ་མ་མཆོག་ཉི་ཧོང་དང་སིངྒ་པོར་སོགས་ཀྱི་གཟིགས་སྐོར་གྲུབ་ནས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་ཕེབས་སྐབས། ས་གནས་དེར་ཡོད་པའི་རིའུ་ཊར་གསར་འགྱུར་ཁང་དང་བྷི་བྷི་སིའི་གསར་འགོད་པ་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན།  སྲིད་འཛིན་ཨོ་བྷ་མས་ཧྲང་ཧེ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གསུང་བཤད་གནང་སྐབས། ཨ་རིའི་ཕྱོགས་ནས་སློབ་མ་གྲངས་༡༠༠༠ ཙམ་འཛོམས་ཐུབ་རྒྱུའི་འཆར་འགོད་བྱས་རུང། རྒྱ་གཞུང་གིས་སློབ་མ་གྲངས་༥༠ བདམས་ནས་གཏོང་རྒྱུའི་གྲ་སྒྲིག་བྱས་ཡོད་པ་རེད། མཐར་སློབ་མ་གྲངས་༥༠༠ ཙམ་གསུང་བཤད་གནང་སར་བཅར་ཡོད་ཅིང་། དྲི་བ་མང་པོ་ཞིག་ཤིན་ཧྭ་གསར་འགྱུར་ཁང་དང་དབུས་གཞུང་གི་དྲ་ལམ་བརྒྱུད་ནས་བཏང་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མ་མཆོག་གིས་མང་གཙོ་དང་སྨྲ་བརྗོད་རང་དབང་གི་སྐོར་ལ་ལན་འདེབས་སྐབས། ཁོང་གིས། “བརྒྱུད་ལམ་ལ་ལྟ་རྒྱུའི་རང་དབང་གིས་སྤྱི་ཚོགས་སྲ་བརྟན་གཏོང་གི་ཡོད། གང་ཡིན་ཞེས་ན། རྒྱལ་ཁབ་གང་ཞིག་གི་ཡུལ་མི་རྣམས་འཛམ་གླིང་གི་ས་ཕྱོགས་གང་དུ་ཡོད་ནའང་། རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་བབས་ཇི་ལྟར་ཆགས་ཡོད་མེད་ལ་ཚོད་འཛིན་བྱེད་ཐུབ་ཀྱི་ཡོད། སྤྱིའི་ཆ་ནས་ང་ཚོ་མང་གཙོ་རྒྱལ་ཁབ་ནུས་ལྡན་ཞིག་ཆགས་པ་དེའང་། བསམ་ཚུལ་མང་པོས་བཙན་སྐུལ་བྱེད་དེ་ཞིབ་འཇུག་མ་བྱེད་རང་བྱེད་ཆགས་ཀྱི་ཡོད་པའི་དྲིན་གྱིས་རེད་ལ། སྨྲ་བརྗོད་རང་དབང་དང་། ཆོས་ལུགས་དད་པ། གསར་འགྱུར་གཏོང་ལེན། ཆབ་སྲིད་ཚོགས་པར་འཛུལ་ཞུགས་ཀྱི་རང་དབང་ནི་གྲང་ཉུང་མི་རིགས་དང་ཆོས་ལུགས་འདྲ་མིན་གྱི་ཁྱད་པར་མེད་པ། འཇིག་རྟེན་ཀུན་ལ་དར་བའི་ཐོབ་ཐང་ཡིན་པ་ང་ཚོའི་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་”འགྲོ་བ་མིའི་ཐོབ་ཐང་གི་ཐད་ལ་གསུང་བཤད་ཤུགས་ཆེར་གནང་བས། རྒྱ་གཞུང་ལ་སེམས་འཚབ་ལངས་ནས་དྲི་བ་མང་པོ་ཞིག་བཀག་འགོག་བྱས་ཡོད་འདུག

ད་དུང་ཨོ་བྷ་མར་རེ་འདུན་ཞུ་མཁན་མང་པོ་ཞིག་གི་ཞུ་འཕྲིན་ནང། ང་ཚོར་ཊི་ཝི་ཊར་དང། ཧྥེ་སི་བྷུག  གྷུའུ་གྷལ་དྲ་གནས་(we need Twitter, we need Facebook, we need google.com)དང་། རང་དབང་། ཕྱི་གསལ་ནང་གསལ། དྲ་གནས་བེད་སྤྱོད་སྤྱི་སྙོམས་དགོས་ཀྱི་ཡོད་ཟེར་ནས་འཁོད་ཡོད་པ་དང་། རྒྱ་ནག་ནི་འཛམ་གླིང་ནང་དྲ་གནས་བེད་སྤྱོད་མཁན་མི་འབོར་མང་ཤོས་དེ་ཆགས་ཀྱི་ཡོད་པ་དང། ཚོད་རྩིས་བྱེད་སྐབས་དུས་གཅིག་ནང་དྲ་གནས་བེད་སྤྱོད་གཏོང་མཁན་མི་འབོར་ས་ཡ་༣༠༠ ཡོང་གི་ཡོད་ཀྱང་། ད་དུང་རྒྱ་ནག་དམར་ཕྱོགས་ཚོགས་པས་རང་ཉིད་ཀྱི་ལྟ་གྲུབ་ཁོ་ན་གཞུང་འབྲེལ་གྱི་དྲ་གནས་སུ་བེད་སྤྱོད་པ་མ་གཏོགས། རྒྱལ་སྤྱིའི་གནས་ཚུལ་ལྟ་སའི་གོང་འཁོད་ཀྱི་དྲ་གནས་ཡོངས་རྫོགས་བཀག་འགོག་གིས། ཞིབ་བཤེར་ཚོགས་པ་མང་པོ་བཙུགས་ཡོད་པ་རྣམས་ལ་རྒོལ་གཏམ་སྤེལ་དགོས་པའི་རེ་སྐུལ་མང་པོ་བྱུང་ཡོད་འདུག

ད་དུང་དྲ་གནས་ཁག་གི་དྲི་བ་མང་པོ་ཞིག་གི་ནང་ཏཱ་ལའི་བླ་མས་ཁ་བྲལ་རྩོད་ཀྱི་ཡོད་ནའང་། ཨ་རི་གཞུང་དང་སྲིད་འཛིན་གྱི་ངོས་ནས་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གསལ་བརྗོད་བྱེད་དགོས་ཟེར་མཁན་མང་པོ་དང་། ད་དུང་སྲིད་འཛིན་ཁྱེད་ཀྱིས་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་པ་བཞིན་དུ། རྒྱ་ནག་གིས་ཁ་ཆེའི་འཇིགས་སྐུལ་རིང་ལུགས་ཚོགས་པར་ཨེལ་ཁེ་ཌར་རྒྱབ་སྐྱོར་བྱས་ན་ཇི་ལྟར་གནང་འཆར་ཡོད་ཟེར་བ་དང་། ཡང་ཁག་གཅིག་གི་ལྐོག་ཟ་རུལ་སུངས་དང་དབང་ཆ་གཅིག་བསྡུས་ལམ་ལུགས་ཀྱི་སྐོར་སོགས་དྲིས་ནས། དེང་སྐབས་རྒྱ་ནག་དམར་ཕྱོགས་ཚོགས་པའི་བྱས་ཉེས་དང་འབྲེལ་བ་ཡོད་པའི་དྲི་བ་མང་པོ་བྱུང་ཡོད་པ་རྣམས། རྒྱ་ནག་གཞུང་འབྲེལ་ཤཱི་ཧཱ་གསར་འགྱུར་ཁང་གིས་བསྡུ་རུབ་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད། ཧྲང་ཧེ་གྲོང་ཁྱེར་ནང་ཨོ་བྷ་མ་དང་མཱའོ་ཙེ་ཏུང་གཉིས་ཀྱི་ཆས་གོས་འདྲ་མཚུངས་སུ་བསྒྲིགས་ནས། གཉིས་ཀ་གསར་བརྗེ་བྱེད་མཁན་གཅིག་མཚུངས་རེད་ཟེར་བ་དང་། ཡང་འགའ་རེས་སྲིད་འཛིན་གྱི་སྐུ་འདྲ་མིན་བཟོས་པ་སོགས་མི་མང་གིས་དགའ་བསུ་ཤུགས་ཆེན་ཞུས་ཡོད་པ་རེད། ཡིན་ནའང་གྲོང་ཁྱེར་དེར་ཡོད་པའི་ཨ་རིའི་གཞུང་ཚབ་པས་ཧྲང་ཧེ་ཚོགས་ཁང་ཆེན་མོའི་ནང་། རྒྱ་ནག་རང་ཉིད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་མ་གཏོགས་བཏང་མ་སོང་ཟེར་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།