རྒྱ་ནག་སྨད་ཚོང་མ་ཞིག་གིས་ཁྲིམས་ཁང་དུ་འགྲེལ་བརྗོད།
(ཁྲིམས་རྭའི་ནང་དུ)སྨད་ཚོང་མས། ཁྲིམས་ཁང་གིས་བདག་ལ་འགྲེལ་བརྗོད་ཀྱི་གོ་སྐབས་འདི་གནང་བར་ཐུགས་རྗེ་ཆེ་ཞུ། རང་ཉིད་སྨད་ཚོང་མ་ཞིག་ཡིན་པའི་ངོས་ནས་གཟི་བརྗིད་ལྡན་པའི་ཁྲིམས་རྭ་འདིར་འགྲིང་དུས་ངོ་ཚ་ཡི་འདུག ང་ལོ་ལྔའི་རིང་ལུས་ཚོང་གི་བྱ་བ་གཉེར་བ་མ་ཟད། དེ་སྔོན་ང་ལོ་གཉིས་ནང་གྲོང་ཁྱེར་འདིའི་འགན་གཙོ་གཞོན་པ་ཝེའུ་ཅུན་ཤིན་གྱི་གསང་བའི་སྨད་ཚོང་མ་ཨང་གསུམ་པའམ་བཞི་པ་དེ་བྱས་པ་རེད།
འོན་ཀྱང་ལུས་ཚོང་བྱ་བ་འདི་ངའི་བྱེད་འདོད་པ་ཞིག་རྩ་བ་ནས་མིན། ལམ་ཁ་འདིར་རྒྱུ་དགོས་པ་འདིས་ངའི་ཁྱིམ་མི་དང་སོ་སོར་དཀའ་ངལ་དང་ངོ་ཚ་ཧ་ཅང་ཆེན་པོ་བཟོས་མྱོང་བ་མ་ཟད། དངོས་གནས་བརྗོད་ན་དེ་ནི་འཚོ་བའི་དཀའ་ངལ་གྱིས་ང་རང་བཙན་འདེད་བྱས་པ་ཞིག་ཡིན།
ངའི་ཁྱིམ་ལ་དགོང་ལོ་བརྒྱད་ཅུའི་རྨོ་རྨོ་ཡོད་ཅིང༌། ངའི་འོག་ལ་ཅི་ཡང་མི་དྲན་གང་ཡང་བསམ་ཤེས་མེད་པའི་གཅུང་པོ་ཡོད། རྨོ་རྨོ་རྒས་འཁོག་གཡོག་སྐྱོང་དགོས་ལ་གཅུང་པོ་སློབ་གྲྭར་འགྲོ་དགོས་པ་རེད། འོན་ཀྱང་ང་དང་པ་ལགས་གཉིས་ཀྱིས་ཉིན་མཚན་བསྟུད་མར་ཞིང་ཁར་ངལ་རྩོལ་ལོ་གཅིག་ཙམ་བྱས་ཀྱང་། ལོ་མཇུག་གི་འབྲུ་རིགས་ཡོངས་བབས་དེ་གྲོང་ཚོའི་ནང་གི་དཔྱལ་ཁྲལ་དང་གྲོང་ཚོ་སྲིད་གཞུང་གིས་ཁྲལ་མཇལ་བའང་མདང་གི་མེད།
གལ་ཏེ་དུས་ཐོག་དཔྱལ་ཁྲལ་མ་སྤྲད་ན། གྲོང་ཚོ་སྲིད་གཞུང་ལས་བྱེད་མི་སྣས་ཁྱིམ་དུ་ཡོང་སྟེ་ནང་གི་བྱ་དེ་དང་ར་ལུག་བཙན་འཁྲིད་བྱེད་པ་དང༌། དེ་བཞིན་འབྲུ་རིགས་བཙན་འཕྲོག་བྱེད་ཀྱི་རེད། དེ་རྗེས་ང་གྲོང་ཁྱེར་ནང་གཡོག་མོའམ་བུ་བརྫི་མ་བྱས་ཤིང༌། སྐབས་དེར་ཁྱིམ་བདག་གིས་ང་ལ་ཐེངས་མང་བཙན་གཡེམ་བྱས་ཀྱང་ངས་བཤད་ས་རག་ག་མི་འདུག དུས་དེ་ནས་བཟུང་ང་རང་ངན་ལམ་འདིར་མི་རྒྱུ་ག་མེད་བྱུང་བ་རེད།
ངས་འདིར་ཁྲིམས་དཔོན་ལགས་ལ་དྲི་བ་ཞིག་བཀོད་འདོད་ཡོད། ང་ཉམས་ཆུང་ནུས་མེད་ཀྱི་བུད་མེད་ཅིག་ཡིན་པའི་ངོས་ནས་འཚོ་སྤྱོད་ཁོ་ནས་ཆེད་དུ་ངའི་ལང་ཚོ་ཚོང་རྒྱུ་ལས་དེ་མིན་ང་འདྲ་བ་ཚོས་ད་དུང་བཙོང་རྒྱུ་ཞིག་ག་རེ་བསྡད་ཡོད་དམ།
འགོ་དཔོན་ཝེའུ་ཅུན་ཤིན་ལ་ཉིན་གསུམ་འཆམ་ནད་ཕོག་དུས་ཀྱང་གཞན་གྱིས་སྒོར་ཁྲི་ལྔ་བཅུའི་འཚམས་འདྲི་ཟེར་བ་རག་ཡོད་པ་རེད། རྫོང་རིམ་པའི་འགོ་ཁྲིད་བརྗེ་བསྒྱུར་སྐབས་སུ་ཁོས་སླར་ཡང་སྒོར་ཁྲི་ལྔ་བརྒྱ་ཐབས་ཤེས་བྱས་པ་རེད། གལ་ཏེ་ང་ལ་སྒོར་མོ་དེ་དག་གི་བཅུ་ཆ་གཅིག་ཙམ་བྱུང་ནའང༌། སྨད་ཚོང་གི་ལམ་བུར་རྩ་བ་ཉིད་ནས་འགྲོ་སྲིད་ཀྱི་མ་རེད། མི་ཚོས་ང་ཚོ་སྨད་ཚོང་ལས་ཀ་བྱེད་མཁན་གྱི་བུད་མེད་ཚོས་སྲིད་གཞུང་གི་ལས་བྱེད་ཚོར་གནོད་སྐྱོན་བཟོས་པ་དང༌། འཁྲིག་སྤྱོད་བརྒྱུད་ནས་ནད་རགས་བརྒྱུད་སྤྲོད་བྱེད་པ། དེ་མིན་སྤྱི་ཚོགས་ཀྱི་ལམ་ལུགས་བཟང་པོར་གཏོར་བརླག་གཏོང་བ་རེད་ཟེར། ངས་དེ་ནི་དངོས་ཡོད་གནས་སྟངས་ལ་ངོས་འཛིན་བྱེད་ཀྱི་ཡོད།
འོན་ཀྱང་འཇིག་རྟེན་འདིའི་ཐོག་ལུས་ཉོ་མཁན་མེད་ན་གཟུགས་པོ་ཚོང་མཁན་ག་ནས་ཡོད་དམ། གཟུགས་པོ་ཉོ་མཁན་གྱི་སྐྱེས་པ་མེད་ན། ལུས་པོ་བཙོང་མཁན་གྱི་བུད་མེད་གང་ནས་ཡོང་དགོས་སམ། སྨད་ཚོང་གི་དར་སྲོལ་ཆེན་མོ་འདི་ང་ཚོས་བསྐུལ་སློང་བྱས་པ་མིན། དེ་ནི་ལག་ཏུ་དབང་ཆ་དང་རྒྱུ་ནོར་ཡོད་མཁན་གྱི་ཕྱུག་བདག་ཚོས་བཟོས་པའི་གནས་སྟངས་ཤིག་རེད།
དེའི་སྐོར་གྱི་གནོད་སྐྱོན་བརྗོད་དགོས་ན། ལུས་གཟུགས་ཉོ་མཁན་དེ་ཚོས་སྤྱི་ཚོགས་ལ་བཟོས་པའི་གནོད་སྐྱོན་དེ་བས་ཚབ་ཆེ་བ་ཡོད་པ་རེད།
ང་ཚོས་སྨད་བཙོང་བ་དེ་ནི་སོ་སོའི་ལུས་གཟུགས་ཚོང་གི་ཡོད། མ་རྩ་འདི་ནི་ཤིན་ཏུ་རིན་ཐང་ཆེ་བ་ཞིག་རེད། འོན་ཀྱང་དེ་ནི་ང་ཚོ་རང་ཉིད་ལ་དབང་བའི་མ་རྩ་རེད་ཟེར་ཆོག་གི་རེད། འོན་ཀྱང་སྐྱེས་པ་དེ་ཚོས་ལུས་པོ་ཉོ་བྱེད་ཀྱི་དངུལ་སྒོར་དེ་དག་ག་ནས་རག་པ་རེད་དམ། ཁྲིམས་གཏུག་མཁན་གྱིས་ངས་གཞན་ལ་མགོ་བསྐོར་གཏོང་བའི་ནག་ཉེས་བསྲག་འདུག་ཟེར། ངས་རང་ཉིད་གཞན་ལ་མགོ་བསྐོར་གཏོང་མཁན་ཡིན་པར་ངོས་ལེན་བྱེད་ཀྱི་ཡིན། ང་ལ་མཚོན་ན་སློབ་ཆུང་གི་ཤེས་ཡོན་སློབ་གསོའང་རག་མྱོང་མེད་མཁན་ཞིག་རེད། ཡིན་ཡང་ད་ལྟ་ང་ལ་སློབ་ཆེན་གྱི་ལག་འཁྱེར་ཡོད། འོན་ཀྱང་དེང་དུས་ཀྱི་སྤྱི་ཚོགས་ཐོག་ལག་འཁྱེར་རྫུན་མ་འཁྱེར་མཁན་སྟོང་ཁྲག་མང་པོ་ཡང་ཚད་ཀྱིས་མི་རེད། དཔོན་པོ་ཝེའུ་ཅུན་ཤིན་ཁོ་སློབ་འབྲིང་ཡང་ཐོན་ཐུབ་པ་བྱུང་མེད། ཡིན་ཡང་ད་ལྟ་ལས་གནས་ཐོག་གི་ཞིབ་འཇུག་སློབ་མ་ཟེར་བ་དེ་གྱུར་ཚར་བ་མ་རེད་དམ།
ཁྲིམས་ཀྱི་མདུན་སར། ང་དང་ཁོ་ཚོ་དབར་ལ་འདྲ་མཉམ་ཟེར་བ་དེ་འདྲ་འདུག་གམ། ཁྱོད་ཚོས་ང་ལ་ངོ་ཚ་མི་འདུག་ཟེར་བ་དེར་ངས་ངོས་ལེན་བྱེད་ཀྱི་ཡིན། འོན་ཀྱང་ངས་བསམ་པར་ང་ལས་ངོ་ཚ་དང་ཁྲལ་གཞུང་མེད་པ་ནི་ ཝེའུ་ཅུན་ཤིན་དང་འདྲ་བ་ལྐོག་ཟ་རུལ་སུངས་ལ་བྱང་བའི་དཔོན་ངན་ཆེ་ཆེ་ཆུང་ཆུང་དེ་དག་རེད། མི་དེ་ཚོས་ཁ་ནས་མི་མང་ལ་ཞབས་འདེབས་ཞུ་ཡི་ཡོད་ཚུལ་བཤད་ཅིང༌། ལྐོག་ཏུ་ཇག་པ་དང་རྐུན་མ་སོགས་ཀྱི་ཁྲམ་པའི་ལས་ཀ་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད། ཝེའུ་ཅུན་ཤིན་ཁོ་ཉིན་མོར་མི་གཞན་ལ་སྙན་སེང་ཞུ་སྐབས་སྐད་ཧ་ཅང་མཐོན་པོ་ཡོད་ཀྱང༌། མཚན་གཞུང་དུ་ངའི་བསྡད་སར་སླེབས་དུས་ཐབས་ཤེས་ཡོད་རྒུས་ང་ལ་མནར་གཅོད་དང་མཐོང་ཆུང་བྱེད་ཀྱི་རེད། ཁོ་འདྲ་བའི་སྤྱང་ཀའི་ལྟར་གྱི་ཕྱི་པགས་གྱོན་པའི་གཡོ་རྫུས་ཅན་དེ་འདྲ་ངས་ཧ་ཅང་མང་པོ་མཐོང་མྱོང༌།
དེ་རིང་འདིར་ཡོད་མིའི་ནང་དུ་ཡང་དེ་སྔོན་ངའི་མགྲོན་པོ་བྱེད་མྱོང་མཁན་དེ་འདྲ་ཡོད། འོན་ཀྱང་དེ་རིང་ཁོ་ཚོས་ང་ལ་ཁྲིམས་གཅོད་བྱེད་ཀྱི་ཡོད་པ་རེད། བཅས་བཤད་སྐབས།
ཁྲིམས་དཔོན་ལམ་སེང་ཡར་ལངས་ཏེ། བློ་མཐུན་ཉེས་རྟོག་པ། ཉེས་ཅན་པ་མོ་མར་འཁྲིད་རོགས་གནང་ཞེས་བརྗོད་དེ་སྨད་ཚོང་མ་ཕྱིར་བཙོན་ཁང་དུ་འཁྲིད་ཡོད་པ་རེད་དོ།
