ཟླ་བའི་སྒང་ལ་ཆུ་ཕོན་ཆེན་རྙེད་འདུག
ཟླ་བའི་སྟེང་དུ་འགྲོ་བ་མི་ཡུན་རིང་གནས་མི་ཐུབ་པའི་དཀའ་ངལ་ཆེ་ཤོས་ནི། མཁའ་དབུགས་དང་ཆུའམ་བརླན་གཤེར་མེད་པའི་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད། ཡིན་འང། ཟླ་འདིའི་ཚེས་༡༥ ཉིན་ཨ་རི་ནས་ཨེ་པི་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཚན་རིག་པ་མང་པོ་ཞིག་གིས་དུས་ཡུན་རིང་པོའི་ནང་ཟླ་བའི་སྟེང་དུ་ཆུ་ཡོད་མེད་ལ་ཐེ་ཚོམ་བྱས་ནས་བསྡད་པ་དང། ཉེ་དུས་ནཱ་སཱ་(NASA) ཞེས་པའི་ཚོགས་སྡེ་དེའི་ཚན་རིག་པས་ཟླ་བའི་སྟེང་དུ་ཆུ་གེལ་ལོན་(Gallons)ཉི་ཤུ་རྩ་ལྔ་རག་ཡོད་པའི་ཁྱབ་བསྒྲགས་བྱས་པ་དང། (གེལ་ལོན་ཞེས་པ་ནི་ལི་ཊར་༣༌༧༨ དང་མཉམ་པའི་གཤེར་རྫས་འཇལ་བྱེད་ཅིག་) དེ་ཡང་ཟླ་སྟེང་དུ་འགྲུལ་བཞུད་བྱེད་མཁན་གྱི་ཚན་རིག་པ་ཨིན་ཐོ་ནཱི་མཆོག་གིས། ཆུ་ཟོམ་དཀར་པོ་ཞིག་ལག་ཏུ་བཟུང་ནས་གསར་འགོད་པ་ཚོར་“ང་ཚོས་ཟླ་བའི་སྟེང་དུ་ཆུ་རྙེད་བྱུང་ལ། རྙེད་པ་དེ་ཡང་ཉུང་ཉུང་མ་རེད། ཆུའི་མང་ཉུང་དོན་ཕན་ལྡན་པ་ཞིག་གི་ཚད་ལ་སླེབས་སོང་”ཞེས་བརྗོད་ཡོད་པ་རེད།
ཚན་རིག་པ་མང་པོ་ཞིག་གིས་ད་ཐེངས་ཆུ་ཕོན་ཆེན་རྙེད་པ་འདིས། ཟླ་བ་སླར་ཡང་བེད་སྤྱོད་གཏོང་བདེ་རུ་ཕྱིན་ནས། འགྲོ་བ་མིའི་ཡིད་དབང་འཕྲོག་མཁན་ཞིག་ཆགས་ཡོད་པ་རེད་ལ། མཁའ་དབྱིངས་སུ་འཕུར་བསྐྱོད་པ་ཚོར་ཟླ་བའི་སྟེང་དུ་རྟེན་གཞི་འཛུགས་ཐབས་བདེ་རུ་ཕྱིན་ཡོད་ཚུལ་བརྗོད་ཡོད་འདུག ཨ་རིའི་གྲོང་ཁྱེར་ཇཱོར་ཇི་ཝ་ཤིན་ཊོན་མཁའ་དབྱིངས་ཆབ་སྲིད་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་ཇཱོན་ལོག་སི་ཌོན་མཆོག་གིས། “མངོན་གསལ་དོད་པོའི་ཐོག་ནས་ཟླ་བའི་སྟེང་དུ་ཆུ་ཕོན་ཆེན་རྙེད་པ་དེ་ནི། ཟླ་བ་དེ་ཉིད་མི་རྣམས་མཚར་སྣང་ཆེན་པོའི་ཐོག་ནས་འགྲུལ་བསྐྱོད་བྱ་ཡུལ་གྱི་ས་གཞི་ཞིག་ཆགས་པ་རེད་”ཅེས་བརྗོད་འདུག
དེང་སྐབས་མཁའ་དབྱིངས་སུ་འཕུར་བསྐྱོད་ཀྱིས་ཚན་རིག་པ་མང་པོ་ཞིག་གིས་ཟླ་བའི་སྟེང་དུ་ཞིབ་འཇུག་ཚོགས་པ་འཛུགས་འཆར་དང། ཡང་ལ་ལས་ཟླ་བར་ཞིབ་འཇུག་གཞན་ཞིག་གི་ཐོག་ནས་བྱེད་འཆར་ཡོད་སྐོར་བརྗོད་ཡོད་པ་དང༌། འདི་དང་འབྲེལ་ནས་ཡར་ཐོན་རྒྱལ་ཁབ་ཚོར་ཁེ་ཕན་ཆེན་པོ་ཐོབ་སྲིད་པའི་བསམ་ཚུལ་ཤོད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
