བློ་གསལ་གླིང་ཕུ་ཁང་ཁམས་ཚན་གྱི་འདུ་ཁང་དབུ་འབྱེད།
ཕྱི་ཟླ་༡༠ པའི་ཚེས་༣༠ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་ཕུ་ཁང་ཁམས་ཚན་གྱི་འདུ་ཁང་གསར་པ་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་པར་འགྲུབ་པའི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་སོང་།
འདུ་ཁང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་ཕུ་ཁང་ཁམས་ཚན་གྱི་འདུ་ཁང་གསར་པ་དབུ་འབྱེད་གནང་རྗེས། འདས་ཚོགས་ཀྱི་དབུས་སུ་ཟམ་གདོང་རིན་པོ་ཆེར་ཕུ་ཁང་ཁམས་ཚན་གྱི་ངོས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་གནང་གྲུབ་པ་དང་། ཟམ་གདོང་རིན་པོ་ཆེས་བྱང་ཆུབ་ལམ་གྱི་རིམ་པའི་སྙིང་བཅུད་ཡོན་ཏན་གཞིར་གྱུར་མའི་བཀའ་ཆོས་ཉིན་གྲངས་གསུམ་རིང་བསྩལ་གྱི་ཡོད་པ་རེད།
གཞན་ཡང་ཕྱི་ཟླ་༡༡ པའི་ཚེས་༣ ནས་ཚེས་༡༥ བར་ཉིན་གྲངས་༡༣ རིང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ཟམ་གདོང་རིན་པོ་ཆེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་དང་། དེའི་འགྲེལ་བ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏཱ་བཅས་ཀྱི་བཀའ་ཁྲིད་ཟབ་མོ་འབྲས་བློ་གླིང་གཙུག་ལག་ཁང་གསར་པའི་ནང་གནང་གཏན་ཁེལ་ཡོད་པ་རེད།
དེ་བཞིན་ཕྱི་ཟླ་༡༡ པའི་ཚེས་༡༧ ཉིན་འབྲས་བློ་གླིང་ཚ་བ་ཁམས་ཚན་ནང་ཟམ་གདོང་རིན་པོ་ཆེས་འཇམ་དབྱངས་དཀར་པོའི་རྗེས་གནང་དང་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་བཅས་ཀྱང་གནང་རྒྱུ་ཡིན་པ་རེད་འདུག །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།