གཟུགས་མེད་ཅིག

མི་ལོ་འདི་ལ་སླེབས་རེག་བར་དུ། ངས་ཁྱེད་རང་ལ་གཏན་ནས་དྲི་བ་ཞིག་གཏོང་མ་མྱོང་། དོ་ནུབ་ལྷིང་འཇག་གི་མཚན་མོར་འདིར་ངས་ཁྱེད་རང་ལ་དྲི་བ་ཞིག་གཏོང་འདོད་འདུག ཁྱེད་ཀྱིས་ང་རང་ཆུང་དུས་ནས་བཟུང་དེ་འདི་ལྟར་སྲུང་དེ་འདུག་དོན་ཅི་ཡིན་ནམ། ཡང་ན། ང་རང་ལ་སྐྲག་སྣང་ཞིག་སློང་ཆེད་ཡིན་ནམ། དེ་མིན་ན་ང་རང་ལ་གསང་བ་གང་ཞིག་བཤད་འདོད་ཀྱི་གཡིབ་དེ་བསྡད་ཡོད་དམ།

དོན་དངོས་སུ་བོད་མི་དག་གིས་གཟུགས་མེད་ནི་འདྲེ་རིགས་སུ་འདོད་པའམ། ཡང་ན། མི་ལ་གནོད་འཚེ་གཏོང་མཁན་གྱི་རིགས་ཤིག་དུ་བསམ་བཞིན་ཡོད་པ་རེད། དེ་རིང་བདག་གིས་སུ་ཡང་མེད་པའི་མཚན་མོ་འདིར་ངས་ཁྱེད་རང་དངོས་སུ་མཐོང་འདོད་འདུག ཁྱེད་ཀྱི་ང་རང་ལ་སྐད་ཆ་གསལ་བོ་ཞིག་བཤད་རྒྱུར་བལྟས་ནས་ཡོད།

མི་ནི་དོགས་པ་རྣམ་དོག་གི་དབང་འོག་དུ་འཆི་མ་ཐུབ་པའི་ལུས་ཡོད་པའི་གཟུགས་ཅན་ཞིག་ཡིན་དུས། ང་རང་ཡང་དེ་ལས་རིང་དུ་བརྒལ་མེད་དུས། ངས་ངོ་མ་ཁྱེད་རང་ཤེས་འདོད་འདུག་ལ། ངས་ཁྱེད་རང་དངོས་སུ་མཐོང་འདོད་ཀྱི་མདུན་པ་དངོས་ནས་ཆེན་པོ་ཡོད་པ་ཁྱེད་ཀྱི་ཤེས་ན་རེད།

གཟུགས་མེད་ཟེར་དུས། གཟུགས་ཡོད་ཀྱི་མི་དག་གིས་མཐོང་བ་ཞིག་མིན་རབས་རེད་དེ། ཁྱེད་རང་དེ་ལྟར་མུ་མཐུད་དུ་མི་མཐོང་ས་ཞིག་དུ་སྐོང་དེ་བསྡད་པ་ཡིན་ན། ང་རང་གི་དོགས་པ་རྣམ་དོག་ཆེ་ཆེར་འགྲོ་བ་ལས། ངའི་ཕྱི་ནང་བར་གསུམ་ལ་འགྱུར་བ་འགྲོ་རྒྱུར་གང་ཡང་ཕན་གྱི་མི་འདུག་སྟབས། ང་རང་ལ་དངོས་ནས་གཟུགས་མེད་ཅིག་གི་ལྟ་སྐྱོང་ནི་རྨི་ལམ་ནང་གི་མེ་ཏོག་བདྨ་དཀར་པོ་དེ་དག་རི་ངོས་ཤིག་དུ་འོད་ལྷམ་ལྷམ་འཚེར་བ་དང་འདྲ་བར། རྨི་ལས་སད་དུས་རེག་རྒྱུ་མེད་པ་དང་། མིག་གི་མདུན་དུ་དངོས་སུ་མཐོང་རྒྱུ་མེད་པ་དེ་འདྲ་ཞིག་ནི་དགོས་དོན་མི་འདུག

དེ་མིན་ན། དོ་ནུབ་ནས་བཟུང་དེ་གཟུགས་མེད་ཁྱེད། ངའི་ཕྱི་ནང་བར་གསུམ་དང་ཁ་བྲལ་ནས་རིང་དུ་གྱེས་ཤིག གྱེས་པ་དེ་ཡང་ཤ་གསེང་རུས་གསེང་ནས་བུད་དེ་འགྲོ་རོགས་ཞུ། དེ་མིན་ང་རང་ནི་གཟུགས་ཡོད་ཀྱི་མི་ལུས་ཤིག་ཞིག་གི་དེ་འདྲ་ཞིག་མྱོང་འདོད་མི་འདུག་ལ། དོགས་པ་རྣམ་དོག་དེ་ཡང་ཇེ་ཆེར་གཏོང་འདོད་མེད་པ་ཤེས་པར་གྱིས་ཤིག