སྤུན་ཟླ་ཚོ། ལན་རེ་འཁུར་ནས་ཕེབས་ཤོག སྒུག་ནས་འདུག
སྨན་ལ་མཁས་པ། ལུས་ཁམས་བསྐྱེད་སྲུང་བྱེད་ཕྱོགས་ཐད་དུ་མཁས་པ་འདྲ་ངོ་ཤེས་ཡོད་ན། ངས་དེ་རིང་འདི་ནས་ཁྱེད་ཅག་ལ་དྲི་བ་ཞིག་འདྲི་རྒྱུ་ཡིན། དྲི་བ་དེར་ལན་དྲང་མོ་ཞིག་དུས་ཐོག་ལ་འདེབས་མཁན་གྱི་སྤུན་ཟླ་མི་ཉུང་བ་ཞིག་ཡོང་རྒྱུར་རེ་བ་ཆེན་པོ་ཡོད།
བྱིས་པ་ཞིག་ལ་ཆུང་དུས་སུ། དྲིན་ཆེན་ཨ་མའི་ནུ་མ་ཟླ་ངོ་ཁ་ཤས་རིང་དུ་ནུས་རྗེས་སུ། ཟས་ལ་རོལ་བའི་སྐབས་སུ་སླེབས་དུས། བོད་ཡུལ་དུ། ང་རང་གི་ཁོར་ཡུག་ནས་ཆུང་དུས་བྱིས་པ་ལ་གཡག་སྙིང་བཙོས་དེ་སྤྲོད་ཀྱི་ཡོད་པ་རེད། དེ་ནི་བྱིས་པ་དེ་ཡི་འཚར་ལོངས་ཁྲོད་དུ་རང་ཚུགས་ཡོད་པ་དང་སྙིང་སྟོབས་ལྡན་པ་སོགས་འགྲེལ་བཤད་མི་ཉུང་བ་ཞིག་ཡོད་པ་རེད། འོན་ཀྱང་། བདག་གིས་དེ་ནི་ལུགས་སྲོལ་ཡག་པོ་ཞིག་ལ་གཏན་ནས་མཐོང་གི་མི་འདུག་མོད། རེད་དེ། དེ་ཡང་གོམས་སྲོལ་ཞིག་ལས་དངོས་ནས་བྱིས་པའི་འཚར་ལོངས་ལ་ཕན་ཐོག་ཡོད་མེད་དེ་ནི་བཤད་ཁག་པོ་རེད།
ངས་འདི་ནས་བཀའ་འདྲི་ཞུ་འདོད་པའི་དོན་དག་གཙོ་བོ་དེ་ནི། བྱིས་པ་ཞིག་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ། དམར་ཟས་སམ། ཤའི་རིགས་ལ་ལོངས་སྤྱོད་མ་བྱས་པར། འཚར་ལོངས་བྱུང་བ་ཡིན་ན། བྱིས་པ་དེའི་མི་ཚེའི་ནང་དུ་གཟུགས་པོའི་ནུས་པ་ཤོར་འགྲོ་བའམ། ཡང་ན། གཟུགས་པོའི་འཕྲོད་བསྟེན་ལ་གནོད་པ་སོགས་ཡོད་མེད་དང་། གཏན་ནས་ཤའི་རིགས་ཁ་ལ་མ་རེག་པར་འཚར་ལོངས་བྱུང་བ་ཡིན་ན། བྱིས་པ་དེའི་ལུས་ཁམས་གསོ་སྐྱོང་གི་ཐད་དུ་དཀའ་ངལ་ཡོད་དམ་མེད། ཡང་ན། བྱིས་པ་དེའི་ལུས་ཁམས་སུ་ཅིས་ཀྱང་སྲོག་ཆགས་གཞན་ཞིག་ཤ་ཁྲག་གི་རིགས་མ་ཟས་པ་ཡིན་ན། འཚར་ལོངས་བྱུང་དེ་འོང་དུས། དཀའ་ངལ་འཕྲད་ཀྱི་ཡོད་དམ་མེད། སྔོ་ཚལ་རིགས་ཁོ་ན་ལ་བརྟེན་ནས་བྱིས་པ་གསོ་སྐྱོང་བྱེད་ཐུབ་ཀྱི་ཡོད་དམ་མེད། ཡོད་ན་དེའི་ཐབས་ལམ་སོགས་གང་ཡིན་མིན་བསྐོར་ལ། སྤུན་ཟླ་སུ་ཞིག་གིས་རང་གི་ཕ་མ་དང་ཉེ་དུ། གྲོགས་པོ་དང་སྤུན་མཆེད། ངོ་ཤེས། ཡང་ན། རང་ཉིད་ལ་ལུས་པོ་གསོ་སྐྱོང་བྱེད་པའི་སྐོར་ལ་རྒྱུས་མངའ་ཡོད་མཁན་གྱི་སྤུན་ཟླ་སུ་ཞིག་ཡོད་ན། བདུན་ཕྲག་རེ་ཟུང་ནང་དུ་ལན་ཞིག་ཡོང་བའི་རེ་སྐུལ་སེམས་གཏིང་ནས་ཞུས་པ་ཡིན།
