ཉི་མ་འཚོའི་ཟུར་ཞིག་ཅེས་པའི་བརྩམས་སྒྲུང་དེབ།

1།གྲྭ་རྐྱང་གི་སྐྱོ་གར་ཞེས་པ་ནི་གྲྭ་ཐུབ་བསྟན་རྒྱ་མཚོ་སྦྱིན་བདག་མས་བསླུ་བྲིད་ཀྱི་ཞག་པ་ནང་ཚུད་ཅིང་ཕ་མའི་རེ་འདུན་བོར་རྗེས་བླ་འཁྱམ་པ་ལྟར་གྱུར་བའི་སྐོར་ཡིན།

 

2།ཟུར་ཞིག་ཅེས་པ་ནི་གནག་སེམས་ཅན་གྱི་སློབ་དགེ་ཞིག་གིས་ཇ་ནང་གཉིད་སྨན་གླུག་ནས་བཙུན་མ་ཉམས་ཆུང་གཅིག་ལ་བསླུ་བྲིད་ཀྱིས་བཙན་གཡེམ་བྱས་རྗེས་མོ་ལ་ཕྲུ་གུ་འཁོར་ཞིང་སྐྱོ་གདུང་གིས་གཟེར་ཡང༌། ཕྲུ་གུའི་ཨ་ཕའམ་རྒན་ལགས་ཟེར་བའི་བཙུན་གཟུགས་རྫུན་མ་དེས་བྱ་ངན་སྤེལ་རྗེས་ད་དུང་དགེ་འདུན་པའི་དབུས་སུ་འཚང་ཡོད་པའི་སྐྱོ་གནས་རེད།

 

3།ཟ་ལེ་རྒྱལ་རྡོ་རྗེ་དོན་གྲུབ་ནི་རང་གི་འཚོ་བརྟེན་ཁོ་ནར་ཆེད་ཕྱི་གླིང་བུད་མེད་འགའི་དཀྱིལ་བྲེལ་ཟིང་དང་ངུ་མ་དགོད་ཀྱིས་ཟློས་གཞུང་སྣ་ཚོགས་འཁྲབ་མཁན་ཞིག་དང༌། སྒོར་མོའི་གཡོག་ཏུ་ཚུད་ཟིན་པའི་བྲན་གཤིས་ཅན་གྱི་གཟུགས་བརྙེན་ཞིག་རེད་ལ། མཐར་དབྱིན་མོ་ཞིག་གིས་བཟང་པོའི་ཕན་རོགས་འོག་ཟ་ལེ་རྒྱལ་རྡོ་རྗེ་དོན་གྲུབ་ལ་རང་རྐྱ་འཕེལ་ཐབས་ཀྱི་ཤེས་ཡོན་ཏོག་ཙམ་སྦྱང་བའི་གོ་སྐབས་བྱུང་བ་དང༌། མཐར་བོད་མོ་ལྷ་མོ་དང་འཚོ་བ་མཉམ་རོལ་གྱི་སྒྲུང་རེད།

 

4།དཀྲོལ་དཀའ་བའི་མདུད་རྒྱ་ནི་བརྩེ་ཞེན་གྱིས་དམ་དུ་སྒྲིལ་བའི་གཞོན་ནུ་ཕོ་མོ་གཉིས་རང་བདག་གིས་བརྩེ་སེམས་མཐའ་འཁྱོལ་བྱ་བསམ་པའི་གོ་སྐབས་དེ་དབང་ཤེད་ཅན་གྱི་ཁྱིམ་མིས་བཙན་འཁྲོག་རྗེས། གཞོན་ནུ་མ་དེ་གཞན་གྱི་མནའ་མ་བརྫངས་པ་དང༌། མོའི་སྙིང་སྡུག་དེའང་མཐར་གྲྭ་སར་འགྲིམ་པའི་སྐོར་རེད།

 

5།ཕ་སེམས་བུ་དང་བུ་སེམས་རྡོ་ཞེས་པ་ནི་མ་བུ་གཉིས་རང་ཡུལ་ཨ་མ་གྲོངས་རྗེས་ཀྱི་ཁ་ཆེམས་ནན་པོ་འཁྱེར་ནས་ཡུལ་གྱར་དུ་སླེབས་རྗེས། བུ་མོ་འཁྲལ་མེད་དེ་མཐོ་སློབ་འགྲིམས་རྗེས་ཨ་མས་སློབ་མཐར་ཕྱིན་རྗེས་དམངས་ལ་ཕན་པའི་བྱ་བཞག་བསྒྲུབ་དགོས་པའི་ཁ་ཆེམས་དང་ལྡོག་པའི་བྱ་ངན་འོག་མོའི་ཕ་ལགས་ཀྱང་སྐྱོ་ངལ་གྱི་འདས་གྲོངས་སོང་བའི་སྐོར་རེད།

 

6།རྨི་ལམ་ཞེས་པ་ནི་གསར་འབྱོར་བུ་ཞིག་གིས་གཞིས་ཆགས་བོུ་ཞིག་ལ་བརྩེ་ཞེན་ཆགས་ཀྱང་རྒྱུ་དགའ་མ་དེ་མཐར་ཨ་རི་ནས་ཡོང་བའི་སྤྲུ་སྐུ་རྒྱག་པའི་རྗེས་སུ་བསྙེག་ཚུལ་རེད།

 

7།འཚོ་བའི་རང་ཁ་མ་སོས་པའི་མི་སྣ་གཙོ་བོ་ཟ་ལེ་རྒྱལ་དེས་ཕྱི་གླིང་བུད་མེད་དང་འགྲོགས་ནས་ཕ་ཡུལ་ལོག་རྗེས་རྒྱུ་ནོར་གྱིས་རྫིག་ཉམས་ངོམས་དགོས་བསམ་པ་སོགས་སྟོང་བསམ་ཐོར་ཞིག་སོང་རྗེས་འགྱོད་སེམས་ཀྱི་གདུང་བའི་རྒྱུད་རིམ་རེད།

 

8།རེ་བའི་ཁྲོད་ནས་འགྱེལ་བ་ཞེས་པ་ནི་ཤེས་ཡོན་རྭ་བར་བཞུགས་པའི་བློ་སྟོབས་དང་ལྷག་བསམ་གྱིས་ཕྱུག་པའི་སློབ་མ་བཀྲ་ཤིས་ལ་གཡོ་འཁྱོལ་ཅན་གྱི་སློབ་དགེ་སོགས་ཕྱོགས་མང་ནས་གནོན་ཤུགས་དང་དཀའ་ངལ་འཕྲད་མཐར་སློབ་གྲྭ་ནས་ཕྱི་ཕུད་བཏང་བའི་སྐོར་རེད་འདུག

 

9།ཁྱེད་ཀྱི་ཆེད་དུ་ཞེས་པའི་བརྩམས་སྒྲུང་དེ་ནི་བརྩེ་སེམས་ཀྱིས་རབ་ཏུ་བཟི་བའི་ཕྱི་གླིང་བུད་མེད་ཅིག་བོད་ཀྱི་གཞོན་སྐྱེས་འཁྲལ་མེད་ཅིག་ལ་ལོ་གསུམ་གྱི་བརྩེ་ཞེན་དང་མ་བཅངས་པའི་རྒྱུད་རིམ་ཡིན་པ་དང༌། གཞོན་ནུ་ཚེ་རིང་ནི་ཕྱི་གླིང་བུད་མེད་དེའི་སྒོར་མོ་ཁོ་ནར་དམིགས་པ་ལས་ཕ་རོལ་པོའི་བརྩེ་མདང་ལ་རྡོག་རོལ་གཏོང་མཁན་གྱི་ཟ་འདྲེའི་གཟུགས་བརྙེན་ཞིག་སྐྲུན་འདུག

 

10། བག་མེད་སྒང་ནི་ཡུལ་གྱར་སྤྱི་ཚོགས་སུ་རྒྱན་བཙུགས་ཀྱི་བག་མེད་རོལ་བའི་མི་འགའི་སྐོར་དང༌། དེའི་ནང་ནས་ཇོ་བསོད་ནམས་ཀྱི་བཟའ་ཟླའང་མཐར་ཉིན་མཚན་བག་རྩེད་ལ་རོལ་བའི་ཁྱོ་བོས་ལྟ་སྐྱོང་དབེན་པའི་ཕྱི་མིའི་ལམ་དུ་བཞུར་བའི་སྐོར་རེད།

 

11།ཁ་བརྡ་ནི་རྒྱ་གར་བུད་མེད་ཅིག་དང་བོད་མོ་གཉིས་མཉམ་དུ་སོ་སོའི་རིགས་ཀྱི་བུད་མེད་ལ་ལྟ་བ་སོགས་ལས་འཕྲོས་པའི་ཁ་བརྡ་ལྷུག་པོ་ཞིག་བྱས་འདུག་གོ

 

12།བརྩེ་དུང་གི་ན་ཟུག་ནི་ཕ་ཡུལ་ན་བརྩེ་གདུང་དང་མས་དམ་དུ་སྒྲིལ་བའི་གཞོན་སྐྱེས་གཉིས་དཀའ་སྡུག་གི་གྱ་གྱུར་མང་པོ་མྱོང་མཐར་ཡུལ་གྱར་དུ་འབྱོར་ཞིང༌། མི་སྣ་གཙོ་བོ་བདེ་སྐྱིད་ཀྱང་མོའི་ཐོབ་རེ་བྲལ་བའི་ཆུང་འདྲིས་བྱམས་པའམ་སྐྲུལ་སྐུ་བློ་བཟང་གི་རྗེས་སུ་སྙེག་ཅིང༌། སྒྲུང་གི་ཐོག་མཐའ་བར་གསུམ་ཁ་པར་འཕྲིན་ཐུང་ཁོ་ནར་བརྒྱུད་དེ་ཀློག་པ་པོར་སེམས་ཚོར་གྱི་རླབས་རིས་གྱེན་དུ་འཕྱུར་ཐུབ་པའི་དུང་སེམས་ཀྱིས་ཕྱུག་པའི་ཁོང་གཉིས་འཕྲད་པའི་ཐོག་མའི་མཛེས་ལྗོངས་སམ་སྨུག་རྒྱུ་ལང་ལོངས་ཁྲོད་དུ་འཕྲད་རྒྱུ་བྱས་འདུག

 

13། རྩོམ་པ་པོ་ཞེས་པའི་ནང་གི་རྩོམ་པ་པོ་དེ་ལ་ལྗིད་ཆགས་ཀྱི་རང་གཤིས་དང༌། དྲང་ཚུགས་ཀྱི་རང་བཞིན་འཛིན་པའི་སོ་སོའི་སེམས་ཚོར་གྱི་དབྱར་ལྗོངས་སུ་གྱར་ཟིན་པའི་རང་རྐྱ་བའི་བསམ་བློ་ཅན་དང་ངལ་དུབ་གྱི་སེམས་རྒྱུ་བ་ཞིག་གི་གཟུགས་བརྙེན་སྐྲུན་ཐབས་བྱས་འདུག་སྙམ།