ཆུ་སྒང་དམག་སྤྱི་དབྲ་ཕྲུག་ངག་དབང་སྐུ་གཤེགས་པ།
ཟླ་འདིའི་ཕྱི་ཚེས་༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་ཆུ་སྒང་དམག་སྤྱི་ཟུར་པ་དང། དམག་སྒར་ཨང་༢༢ པའི་མདའ་དཔོན་ཟུར་པ་དབྲ་ཕྲུག་ངག་དབང་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཞིག་ཐོན་ཡོད་པ་རེད།

ཆུ་སྒང་དམག་སྤྱི་ཟུར་པ་ལི་ཐང་དབྲ་ཕྲུག་ངག་དབང་ནི། ཕྱི་ལོ་༡༩༢༦ ལོར་མདོ་ཁམས་སྤོ་འབོར་སྒང་གི་ཆར་གཏོགས་ཁམས་ལི་ཐང་དུ་སྐྱེས་ཤིང། རིམ་པས་ནར་སོན་པ་དང་ལི་ཐང་དགོན་ཆེན་བྱམས་ཆེན་ཆོས་འཁོར་གླིང་གི་ཆོས་སྒོར་ཞུགས་ནས་སློབ་གཉེར་བྱས་པ་དང། དགོན་པའི་ལས་སྣེ་ཁག་ཅིག་གི་འགན་ཡང་བཞེས་མྱོང་ཡོད་པ་རེད། རྒྱ་དམར་གཞུང་གིས་བོད་ཤར་ཕྱོགས་ནས་བཙན་འཛུལ་བྱས་ཏེ། རིམ་པས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམག་གིས་བཙན་གནོན་བྱེད་ལ་ཉེ་བའི་སྐབས། ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་ནས་ཕྱི་ལོ་༡༩༥༨ ལོའི་ཟླ་༦ ཚེས་༡༦ ཉིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྒར་ཐོག་མ་དབུ་བརྙེས་པའི་སྐབས་སུ་དབྲ་ཕྲུག་ངག་དབང་དམག་སྒར་དེའི་ནང་དུ་ཡོད་པ་མ་ཟད། དམག་སྤྱིའི་གོ་གནས་ཡོད་མཁན་ཞིག་ཡིན་འདུག

དམག་སྒར་དབུ་མ་བརྙེས་པའི་སྔོན་ཕྱི་ལོ་༡༩༥༦ ལོར་ཆུ་བཞི་སྒང་དྲུག་གིས་གཙོ་འགན་བཞེས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་འཇང་རྡུང་ལས་གྲུབ་པའི་བཞུགས་ཁྲི་ཁམས་གསུམ་ཟིལ་གནོན་གསར་བཞེངས་སྐབས་ཀྱང་དབྲ་ཕྲུག་ངག་དབང་འགན་ཁུར་ལེན་མཁན་གྱི་གྲས་ཤིག་ཡིན་འདུག་ལ། ཁོང་གིས་སྣེ་ཁྲིད་ནས་ཆུ་བཞི་སྒང་དྲུག་གི་དམག་དཔུང་གིས་སྔ་རྗེས་སུ་རྒྱ་དམག་དང་གཡུལ་འཁྲུག་གང་མང་བྱས་ཡོད་པ་དང། དབྲ་ཕྲུག་ངག་དབང་ནི་དམག་ཇུས་ལ་མཁས་པ་དང། དཔའ་བློ་ཁོག་ཡོད་པའི་དམག་དཔོན་ཞིག་ཡིན་འདུག་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་རྒྱ་གར་དུ་གདན་འདྲེན་ཞུ་སྐབས་ཀྱང་ཆིབས་ཞབས་པའི་གྲས་སུ་ཡོད་པ་དེང་དུས་ཡོད་པའི་འདྲ་པར་ཁག་ཏུ་གསལ་པོ་འཁོད་ཡོད་པ་རེད།
བཙན་བྱོལ་དུ་ཕེབས་པའི་རྗེས་སུའང་ཆུ་བཞི་སྒང་དྲུག་གི་དམག་མི་རྣམས་རྨང་གཞི་བྱས་ཤིང། དེའི་ཐོག་དམག་མི་གསར་བསྡུ་བྱས་ནས་དམག་སྒར་ཨང་༢༢ པ་གསར་འཛུགས་བྱེད་སྐབས་ཀྱང་འགན་ཁུར་གཙོ་བོ་ལེན་མཁན་གྱི་གྲས་ཡིན་པ་དང། བྷེང་ལ་དྷེ་ཤིའི་དམག་འཁྲུག་སྐབས་ཀྱང་དབྲ་ཕྲུག་ངག་དབང་གིས་སྣེ་ཁྲིད་པའི་དམག་དཔུང་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། དམག་སྒར་ཨང་༢༢ པའི་ནང་དུ་རུ་དཔོན་དང་མདའ་དཔོན་བཅས་ཀྱི་འགན་ཁུར་རིམ་བཞིན་བླངས་ཡོད་པ་དང། དམག་སྒར་ཁོངས་ནས་དགོངས་པ་ཞུས་ནས་སྔ་རྗེས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་དང་ཚོགས་གཙོའི་འགན་ཁུར་ལན་མང་བཞེས་ཡོད་པ་སོགས། མདོར་ན་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་འབད་བརྩོན་གང་མང་བྱས་ཡོད་པ་དང། ལྷག་པར་དུ་རང་སྲོག་འབེན་ལ་བཙུགས་ནས་དགྲ་བོ་རྒྱ་དམར་གྱི་བཙན་འཛུལ་ལ་ཁ་གཏད་བཅགས་པའི་རྒྱལ་གཅེས་དཔའ་བོ་ཞིག་ཀྱང་ཡིན་འདུག། ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་སྒར་གྱི་ནང་ནས་སྣེ་ཁྲིད་པ་དང་དམག་སྤྱིའི་གོ་གནས་ཡོད་པ། དགྲ་རྒོལ་གྱི་གཡུལ་འཁྲུག་ནང་གང་མང་ཞུགས་མྱོང་བའི་མི་སྣ་དེང་སྐབས་ཧ་ཅང་དཀོན་པ་དང། དམག་སྤྱིའི་གོ་གནས་ཡོད་པ་ཡོངས་གྲགས་ཅན་གྱི་མི་སྣའི་ནང་ནས་དབྲ་ཕྲུག་ངག་དབང་ནི་ཕལ་ཆེར་མཐའ་མ་ལྟ་བུར་གྱུར་ཡོད་ཚོད་འདུག
ཁོང་ཡང་ཉེ་ཆར་ཕྱི་ཟླ་༢ ཚེས་༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང། ཁོང་འཚོ་བཞུགས་སྐབས་ཁོང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་བཞི་བརྩམས་ནས་བཞུགས་སྒར་དུ་ཡོད་པའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་པར་སྐྲུན་བྱས་ཡོད་པ་རེད།།