རྡ་སར་བཅོ་ལྔ་མཆོད་པའི་མཆོད་འབུལ་སྨོན་ལམ་འཚོགས།

ཕྱི་ཟླ་༢ ཚེས་༢༢ ཉིན་ནི་བོད་ཟླ་དང་པོའི་ཚེས་༡༥ ཁེལ་ཡོད་པ་ལྟར་དེ་རིང་ཞོགས་པ་ཆུ་ཚོད་༩ པའི་སྟེང་། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་བྱ་དོ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རྣམ་རྒྱལ་གྲྭ་ཚང་གི་དགེ་ལྡན་པ་རྣམས་ནས་དགའ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བཅོ་ལྔ་མཆོད་པའི་དུས་ཆེན་གྱི་མཆོད་འབུལ་སྨོན་ལམ་འཚོགས་སོང་།

IMG_0073མཆོད་འབུལ་སྨོན་ལམ་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་ལགས་དང་། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་འགྲུབ་ལགས་དང་ཁྲིམས་ཞིབ་པ་གཞོན་པ་ངག་དབང་ཆོས་གྲགས་ལགས་བཅས། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་དབུས་རྡ་སའི་ཁུལ་གྱི་དད་ལྡན་མང་ཚོགས་བརྒྱ་ཕྲག་བརྒལ་བར། དཔལ་ལྡན་རྒྱུད་སྟོད་གྲ་ཚང་གི་མཁན་པོ་བྱ་དོ་རིན་པོ་ཆེ་མཆོག་ནས་སྐྱེ་རབས་སོ་བཞི་པའི་ནང་གསེང་ལེའུ་སོ་གསུམ་པའི་བཀའ་ཁྲིད་གནང་སོང་བ་མ་ཟད། དད་ལྡན་མང་ཚོགས་ཆོས་ཞུ་བ་རྣམས་ལ་བཅོ་ལྔ་མཆོད་པའི་མཇལ་ཁ་ཡང་གནང་སོང་།

IMG_0059བཅོ་ལྔ་མཆོད་པ་ནི་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་ཆོ་འཕྲུལ་དུས་ཆེན་ཉིན་ཡིན་ཞིང་། རྗེ་ཙོང་ཁ་པ་ཆེན་པོས་སྲོལ་གཏོད་པའི་མཛད་ཆེན་བཞིའི་ཡ་གྱལ་ཞིག་ཡིན་ལ། དེའང་བོད་མདོ་དབུས་ཁམས་གསུམ་གཙོས་པའི་བོད་རིགས་འདུས་སྡོད་ཁག་གང་སར་ཉིན་འདིར་མཆོད་འབུལ་སྨོན་ལམ་རྒྱ་ཆེར་བྱེད་སྲོལ་ཡོད། མཆོད་པའང་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལག་རྩལ་གྱི་ཁྱད་ཆོས་མར་ཚོན་ལས་གྲུབ་པའི་རྒྱས་སྤྱོད་ཁང་བཟང་བཀོད་པས་རབ་ཏུ་ཕྱུག་པའི་དབུས། མཉམ་མེད་ཤཀྱའི་རྒྱལ་པོའི་སྐུ་བརྙན་དང་རྒྱན་དྲུག་མཆོག་གཉིས། རྗེ་ཡབ་སྲས་གསུམ། མཆོད་པའི་ལྷན་མོ་དགའ་མགུའི་གར་རྩེད་ཀྱི་རྣམ་པ། ཚེ་རིང་དྲུག་སྐོར། མཐུན་པ་སྤུན་བཞི། ཧྭ་ཤང་སྦྱིན་བདག་སོགས་ཀྱི་མདུན་སྐར་ཚོགས་ཀྱི་ཕྲེང་བ་བཅས་མཆོད་སྦྱིན་གྱིས་མཛེས་པར་བྱས་སྲོལ་ཡོད།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།