བཀའ་བརྒྱུད་སྨོན་ལམ་ཆེན་མོ་མཇུག་བསྡུས།

དེ་ཡང་ཟླ་སྔོན་མའི་ཚེས་༣༡ ཉིན་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་དད་ལྡན་བ་མི་རིགས་སྣ་ཚོགས་ཀྱིས། གདུལ་བྱའི་མགོན་དུ་སྐུ་ཚེ་ཡུན་རིང་བཞུགས་པའི་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་སྦྲགས་ནས། ཁོང་གིས་ཁོར་ཡུག་སྲུང་སྐྱོབ་དང་དགོན་སྡེ་ཁག་གི་ཞལ་ལག་ཡར་རྒྱས་གཏོང་དགོས་སྐོར། དེ་བཞིན་ཁོང་ངོས་ནས་ཀརྨ་པའི་མཚན་གནས་ལ་འགན་བཞེས་དགོས་སྐོར་སོགས་ཀྱི་ཐད་བཀའ་སློབ་གནང་སོང་བ་དང༌། དགོང་མོར་བཀའ་བརྒྱུད་སྨོན་ལམ་མཇུག་བསྡུས་པའི་ཉིན་དེར། སྨོན་ལམ་ལ་ཆེད་དུ་བཅར་བའི་བཀའ་བརྒྱུད་ཀྱི་དགོན་སྡེ་ཁག་གི་བླ་སྤྲུལ་དང༌། མཁན་ལས་ཟུར། གྲྭ་བཙུན་དང་དད་ལྡན་པ་ཡོངས་ཀྱིས་མེ་ཏོག་པདྨའི་གཟུགས་དབྱིབས་ལྡན་པའི་མར་མེ་ཕྱག་ཏུ་བསྣམས་ནས། བཀའ་བརྒྱུད་སྨོན་ལམ་ཆེན་མོ་མཇུག་བསྡུས་མ་གནང་གོང༌། གནས་བརྟན་སྡེ་པའི་དགེ་སློང་ཚོས་པཱ་ལའི་སྐད་དང་ལེགས་སྦྱར་གྱི་སྐད་ཐོག་ནས་སྨོན་ལམ་གསུངས་སོང༌།
དེའི་རྗེས་སུ་ཀོ་རི་ཡ་དང་ཝི་ཊི་ནམ། ཐེ་ཝན། བོད་པ། ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ཕེབས་པའི་གྲྭ་བཙུན་དང་མི་སྐྱ་ཕོ་མོ་ཚོས། རང་རང་གི་སྐད་དང་ཆས་ལུགས་བནབས་ནས་འཛམ་གླིང་ཞི་བདེ་ཡོང་བ་དང༌། དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ལྗགས་རྩོམ་གནང་བའི“་ཨེ་མ་འཛམ་གླིང་”ཞེས་པ། གཙོ་བོར་ཁོར་ཡུག་སྲུང་སྐྱོབ་ལ་དགོངས་ནས་ལྗགས་རྩོམ་གནང་བའི་གསུངས་མགུར་སོགས་དབྱངས་སུ་གྱེར་སོང༌། དེ་རྗེས་གྲྭ་མང་ཡོངས་ནས“་ཀརྨ་པས་མཁྱེན་ནོ་”ཞེས་པ་དབྱངས་སུ་གྱེར་ནས། གནས་མཆོག་རྡོར་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་༢༧ པ་དད་སེམས་འཁོར་བའི་ངང་ནས་མཇུག་བསྡུས་གནང་སོང༌།
ས་གནས་ནས་འདི་གའི་གསར་འགོད་པས།