༸གོང་ས་མཆོག་གྷུ་ཇུ་རཱ་ཏིར་ཕེབས་པ།
༸གོང་ས་མཆོག་གིས་དེར་གསར་འགོད་པར་གསུང་དོན། དུས་རབས་༢༠ པ་དེ་ཚན་རིག་དང་འཕྲུལ་ཆས་ཀྱི་དུས་རབས་ཤིག་ཆགས་པ་དང། དུས་རབས་༢༡ པ་དེ་ཞི་བདེའི་དུས་རབས་ཤིག་ཏུ་འགྱུར་ཐུབ་བྱེད་དགོས་པ་རེད་ཅེས་དང། ཇཱེན་(གཅེར་བུ་པ)ཆོས་ལུགས་དང་ནང་ཆོས་གཉིས་ནི་མཚེ་མ་ལྟ་བུ་ཞིག་རེད། གང་ཡིན་ཟེར་ན། གཉིས་ཀས་འཛམ་གླིང་འདིར་འཚེ་བ་མེད་པའི་གནད་དོན་ཞིག་གླེང་གི་ཡོད་པ་རེད་ཅེས་བཀའ་གནང་འདུག
གཞན་ཡང་ས་གནས་དེར་དབང་པོ་སྐྱོན་ཅན་གྱི་སྡོད་སྒར་ཞིག་ཡོད་པ་དེར། དབང་པོ་སྐྱོན་ཅན་གྱི་མི་གྲངས་༢༥༠༠༠ ཡོད་པ་རྣམས་ལ། རིན་མེད་སྨན་སྦྱིན་དང། ལག་བརྟེན་འཁོར་ལོ་དང། རྐང་ཚབ། ཉལ་ཆས་སོགས་དངོས་པོ་མང་པོ་གསོལ་རས་བསྩལ་ཡོད་པ་རེད།
ཕྱི་ཚེས་༤ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་ཡོད་པ་དང། ཚེས་༥ ཉིན་ནས་༩ བར་མི་མང་ཁྲི་ཚོ་བརྒལ་བར་གསུང་ཆོས་གནང་རྒྱུ་དང། དེ་རྗེས་ཚེས་༡༥ ཉིན་བྷ་རོ་ཌ་རུ་ཡོད་པའི་མ་ཧཱ་ར་ཇཱ་ས་ཡཱ་ཇིའི་རའོ་ཞེས་པའི་གཙུག་ལག་མཐོ་སློབ་ཏུ་ནང་ཆོས་སྐོར་གྱི་ཚོགས་ཆེན་ཞིག་གི་ཐོག་ཏུ་ཕེབས་འཆར་ཡོད་པ་རེད།།
