སོ་སོའི་འགན་མ་ཁྱོག་ནས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་པ་ཡིན།
ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས་ལས་གནས་ནས་དགོངས་པ་ཞུས་ཡོད་པ་དང་། ཁོང་གིས་ལས་གནས་དེར་འགན་མ་ཁྱོག་ནས་བཟང་སྤྱོད་ཀྱི་ཐོག་དགོངས་པ་ཞུས་པ་ཡིན་སྐོར་གསུངས་སོང་།
བདེ་སྲུང་བཀའ་བློན་གྱི་ལས་ཤག་ཏུ་བཅར་ནས་གསར་འགོད་པས་ཁོང་དགོངས་པ་ཞུ་དགོས་དོན་གང་ཡིན་སྐོར་བཅར་འདྲི་ཞུས་པར། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས་གསུང་དོན། “སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་ལྗིད་པོ་ཕེབས་པ་དང་། དེའི་ཐོག་གྲོས་ཚོགས་ཚར་རྗེས་གཏང་རག་གི་མཇལ་འཕྲད་ཞུ་སྐབས་ཆོས་སྐྱོང་ཚོས་ཧ་ལས་པའི་བཀའ་ལུང་ལྗིད་པོ་ཕེབས་འདུག དེ་འདྲ་ལ་བརྟེན་ནས་སོ་སོའི་འགན་དེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་པས། འགན་ཁུར་མ་ཐུབ་པའི་གནས་སྟངས་ཀྱི་རྡོག་ཁྲེས་སེམས་ནང་ཡོད་པས། བཟང་སྤྱོད་ཐོག་ནས་དགོངས་པ་གནང་རོགས་ཞེས་ལུགས་དང་མཐུན་པ་བྱས་ཏེ། དེ་རིང་ཞོགས་པ་སྲིད་སྐྱོང་ལ་བཅར་ནས་དགོངས་ཤོག་ཕུལ་བ་དང་། ལས་དོན་མཚམས་བཞག་པ་ཡིན་”ཞེས་གསུངས་སོང་།
སྲིད་སྐྱོང་གིས་དགོངས་ཞུ་སྐོར་ལ་ག་རེ་གསུང་ཡོད་མེད་སྐོར་དྲིས་པར། ཁོང་གིས། “ང་སྲིད་སྐྱོང་ལ་བཅར་སྐབས། སྲིད་སྐྱོང་དབུས་པས་བཀའ་བློན་ཚང་མས་བཀའ་ཤག་སྐབས་བཅུ་བཞི་པའི་ལས་རྒྱུན་འཁྱོལ་ལ་ཉེ་བ་ཡིན་པས། དགོངས་ཤོག་དེ་ཕྱིར་འཐེན་གནང་རོགས། ལོ་མང་མཉམ་དུ་ལས་ཀ་བྱས་པས་གོ་བསྡུར་ཙམ་ཡང་མ་བྱུང་བར་བློ་ཕམ་ཡོད་སྐོར་གསུངས་སོང་། ཁོང་ཚོར་ཐུགས་ཁག་མི་འདུག ཡིན་ཡང་སོ་སོས་རང་ཐག་རང་གཅོད་ཡིན་པ་ལས། གོ་བསྡུར་བྱས་ན་རྣམ་པ་ཚོས་ག་རེ་བཀའ་གནང་རྒྱུ་ཡིན་དང་། དགོངས་ཤོག་ཕུལ་བ་དེ་སྐུ་ངོ་སྲིད་སྐྱོང་གིས་འགྲིག་གི་འདུག་གསུངས་རྒྱུ་མིན་པ་ངས་ཚོད་ཐིག་པ་ཞིག་རེད། ངས་སེམས་ཐག་བཅད་ཟིན་པས་འགྱུར་བ་མེད་ཞུས་པ་ཡིན་”ཞེས་གསུངས་སོང་།
ཁོང་གིས་སྔོན་མའི་ལས་གནས་སྐོར་གསུང་དོན། “ཐོག་མ་ང་དགའ་ལྡན་ཕོ་བྲང་གི་དབུ་ཁྲིད་པའི་བཀའ་ཤག་ནང་སླེབས་པ་རེད། ༢༠༡༡ ལོར་༧སྐྱབས་མགོན་རིན་པོ་ཆེས་སྐུ་དབང་མང་ཚོགས་ལ་རྩིས་སྤྲོད་གནང་རྗེས་དེའི་ནང་ལས་ཀ་འགན་ཁུར་ཐུབ་ཀྱི་མི་འདུག་ལབ་ན། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་འགྲུབ་རྒྱུར་ཞབས་འདེགས་མ་ཞུས་པའི་བཟོ་ཆགས་ཀྱི་འདུག་བསམ་ནས་བཀའ་ཤག་ནང་བསྡད་པ་རེད། སྲིད་སྐྱོང་གིས་ངའི་མིང་ཁྱབ་བསྒྲགས་བྱས་ཚར་འདུག་པས། དང་ལེན་མ་བྱས་ན་གླེང་སློང་མང་པོ་ཆགས་ཀྱི་རེད་བསམ་ནས་ང་བསྡད་པ་རེད། བཀའ་སློབ་ཀྱི་གཞི་དང་ལྷག་པར་དུ་ཆོས་སྐྱོང་ཚོས་གསུང་པ་དེ་ལྗིད་ཆེན་པོ་མཐོང་བས། སོ་སོས་འགན་མ་འཁྱོག་ནས། བཟང་སྤྱོད་ཀྱི་འགན་ཁུར་པའི་ཐོག་ནས་དགོངས་པ་ཞུས་པ་ཡིན་པ་ལས་གཞན་པའི་གནས་ཚུལ་གང་ཡང་མེད་”ཅེས་གསུངས་སོང་།
སྐུ་ཉིད་ཀྱིས་སྔོན་ནས་བདེ་སྲུང་དྲུང་ཆེ་དང་བཀའ་བློན་ཐེངས་གཉིས་གནང་བ་རེད། ཉེ་ཆར་༧སྐྱབས་མགོན་པོོ་ཆེའི་བཀའ་སློབ་དང་ཆོས་སྐྱོང་གིས་ཅིག་གསུངས་པ་རེད། དེ་བར་དུ་ལས་ཀ་བྱས་ནས་བསྡད་པས། ད་ལྟ་སྔོན་མ་འཐུས་ཤོར་མང་པོ་ཤོར་བར་ངོས་འཛིན་བྱེད་ཀྱི་ཡོད་དང་། མ་འོངས་པའི་ཟླ་ཤས་རིང་འཐུས་ཤོར་འགྲོ་ཉེན་ཡོད་པས་དགོངས་པ་ཞུས་པ་ཡིན་ཞེས་དྲིས་པར།
ཁོང་གིས། “ང་རང་གིས་ལས་འགན་ཐོག་ནས་བདེ་སྲུང་ནང་སྐུ་ཕྱྭའི་ཐོག་འཐུས་ཤོར་སོང་བར་ངོས་འཛིན་ཞུ་ཡི་མེད། བར་ལམ་ཞིག་ནས་གནས་ཚུལ་ལྷང་ཞིག་བྱུང་བ་ཡོད་རེད། དེ་ཚོ་གནས་སྟངས་གཅིག་རེད་མ་གཏོགས་འཐུས་ཤོར་སོང་བ་དང། མ་འོངས་པར་འཐུས་ཤོར་འགྲོ་བ་དེ་འདྲ་མ་རེད། མི་ཚང་མར་བཟང་སྤྱོད་ཀྱི་འགན་ཞིག་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭ་ལ་ཕྱི་ལོག་གི་སྒྲོམ་དང་མི་དགོས་པ་ཆ་རྐྱེན་གཅིག་རེད་དེ། ༧སྐྱབས་མགོན་རིན་པོ་ཆེའི་ཐུགས་དགོངས་པ་དང་། སྐུ་བསོད་དང་ལྷག་པར་དུ་དཀར་ཕྱོགས་ཀྱི་བོད་ཀྱི་སྲུང་མ་རྣམས་ཀྱི་གྲོགས་དང་འཕྲིན་ལས་ཀྱི་འགན་ཁུར་མེད་ན། བློས་འགན་བཟོད་པ་ཡོད་པ་མ་རེད། དེ་མི་སོ་སོས་བསམ་བློ་གཏོང་སྟངས་རེད། དེ་འདྲའི་ཐོག་འགན་འཁྱོག་གི་མི་འདུག་ཅེས་བཟང་སྤྱོད་ཐོག་ནས་དགོངས་པ་ཞུ་དགོས་པ་དེ་རེད་”ཅེས་གསུངས་སོང་།།
བཀའ་ཤག་ལྷན་ཚོགས་ཐོག་ནས་བདེ་སྲུང་བཀའ་བློན་གྱི་འགན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ཀྱིས་ཁུར་རྒྱུ་ཐག་གཅོད་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།