ཡིད་སྐྱོ་བའི་གནས་ཚུལ།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ་འབྲི་རྫ་ཟབ་མོ་སྒང་གི་ཆར། གོ་འཇོ་ཆོས་སྡེ་ཆེན་པོ་ཐང་སྐྱ་དགོན་པའི་སྦྱིན་བདག་ཛོ་ཡུལ་རྡོ་ཙ་ཚོང་ཞེས་རོལ་སྤྲུལ་སྐུ་ཕྲེང་བདུན་པའི་ཡབ་ཚང་དུ་ཡབ་མགོན་པོ་བསམ་འགྲུབ་དང༌། ཡུམ་བདེ་ཆེན་ཆོས་མཚོ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༤༧ ལོར་སྐུ་འཁྲུངས། དགུང་གྲང་ལྔའི་ཐོག་རོལ་སྤྲུལ་སྐུ་ཕྲེང་བདུན་པའི་ཡང་སྤྲུལ་དུ་ངོས་འཛིན་གྱིས་ཁྲི་སྟོན་མཛད་སྒོ་དང་ཡི་གེ་འབྲི་ཀློག་གི་འགོ་འཛུགས། འཛིན་སྒར་རྡོ་རྗེ་དྲག་པོ་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་གསར་རྙིང་གི་སྐྱེས་ཆེན་དུ་མའི་ཞལ་དྲུང་ནས་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ཁྲིད་ལུང་མན་ངག་བཅས་རྒྱ་ཆེར་གསན། ༡༩༥༩ ལོར་བཙོན་འོག་ཏུ་མི་ལོ་དྲུག་ཙམ་བཞུགས་དགོས་བྱུང༌། ༡༩༨༣ ལོར་རྒྱ་གར་དུ་ཕེབས་ནས་བསྟན་པ་སྤྱི་དང་ཡང་སྒོས་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་གྱི་མཛད་པ་རྒྱ་ཆེར་བསྐྱངས། ཕྱི་རྒྱལ་ཡུལ་གྲུ་དུ་མར་ཕེབས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་དར་རྒྱས་ཆེད་འགྲོ་དོན་རྒྱ་ཆེན་བསྐྱངས། དགུང་ལོ་དྲུག་ཅུ་རེ་གསུམ་ལ་སྐུ་བསྙུན་པར་ཁོང་གི་གསང་ཡུམ་དང་སྐུ་ཚ་སྐུ་མཆེད་སོགས་ཀྱིས་ལྡི་ལི་སྨན་ཁང་དུ་གདན་འདྲེན་ཞུ་འཆར་གྱིས་གནམ་གྲུའི་འཛིན་བྱང་ཉོས་ཟིན་ནའང་རིན་པོ་ཆེས་ཞལ་བཞེས་མ་གནང་བར་བོད་ཟླ་༡༡ ཚེས་༡༢ ཉིན་མོ་ཆུ་ཚོད་༦ ཐོག་ཞི་བར་གཤེགས་རྗེས་ཐུགས་དམ་ལ་བཞུགས་ནས་ཉིན་༡༡ ལྷག་འགྲོ་ཡི་ཡོད་པ་རེད། གནས་ཚུལ་ཁོ་འདོན་པ་གོ་འཇོ་ཐང་དགོན་བླ་མ་བསོད་ནམས་ཕུན་ཚོགས་དང། སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ།