ཡེལ་པའི་གསོལ་འདེབས།
ན་མོ་གུ་རུ། དྲི་མེད་རྣམ་དག་འོད་གསལ་ཆོས་སྐུ་ལ། །གཡོ་མེད་གཟུགས་སྐུའི་རྣམ་རོལ་སྣ་ཚོགས་ཀྱི། །ཞིང་ཁམས་དུ་མ་གདུལ་བྱའི་སྣང་ངོར་ཤར། །སྐུ་གསུམ་མངོན་གྱུར་འགྲོ་མགོམ་རིན་པོ་ཆེ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དག་པ་གཉིས་ལྡན་ཆོས་སྐུའི་ཕོ་བྲང་དུ། །དྲུག་པ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །བདེ་གཤེགས་སྤྲོས་བྲལ་ཆོས་སྐུའི་རོ་གཅིག་པའི། །ཡེ་ཤེས་ཟ་མ་ཏོག་གི་འོད་ཟེར་གྱི། །ས་བཅུ་དབང་ཕྱུག་མགོན་ལ་གསོལ་བ་འདེབས། །དག་པ་བདེ་ཆེན་ལོངས་སྐུའི་ཞིང་ཁམས་སུ། །བཅོམ་ལྡན་རྣམ་སྣང་ཆེན་པོའི་ཞབས་དྲུང་དུ། །ཐོག་མེད་ཡེ་ཤེས་སྤྱན་ལྡན་སྲིད་གསུམ་གཟིགས། །སྙིང་བརྗེའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས། །མཉམ་མེད་འགྲོ་བའི་མགོན་ལ་གསོལ་བ་འདེབས། །ཤར་ཕྱོགས་བརྡུལ་དང་བྲལ་བའི་ཞིང་ཁམས་སུ། །མི་སྐྱོད་རྒྱལ་པོ་སྨན་བླའི་ཞབས་དྲུང་དུ། །ཆོས་སྐུ་འོད་གསལ་ཐ་དད་མ་མཆིས་པ། །དེ་ཚེ་དེར་གནས་རྒྱལ་བའི་ཡེ་ཤེས་ཏོག །རྒྱལ་བའི་རྣམ་འཕྲུལ་ཞབས་ལ་གསོལ་བ་འདེབས། །ཁ་བ་ཅན་ལྗོངས་དབུས་གཙང་དག་པའི་ཞིང་། །བདེ་གཤེགས་རྡོ་རྗེ་རྒྱལ་པོའི་སྤྱན་སྔ་རུ། །རྒྱལ་དང་རྒྱལ་སྲས་མཁྱེན་བརྩེ་གཅིག་བསྡུས་པ། །སྤྲུལ་པའི་སྐུ་མཆོག་ཡེ་ཤེས་བརྩེགས་སུ་གསོལ། །ཛྙཱ་ན་ཀུ་ཊའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །བརྡུལ་དང་བྲལ་བའི་ཞིང་མཆོག་དེར་སྐྱེས་ནས། ཐེག་མཆོག་ཆོས་ཀྱི་བདུད་རྩིའི་དགའ་སྟོན་གྱིས། །བདག་སོགས་འགྲོ་རྣམས་ངོམ་ཞིང་ཚིམས་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་འགྲོ་བའི་མགོན་པོ་ཡེལ་པ་རིན་པོ་ཆེའི་གསོལ་འདེབས་འདི་ཕག་མོ་གྲུབ་པས་གསུངས་བྱིན་རླབས་ཅན་ནོ། །སརྦ་མངྒ་ལཾ།
