བློ་གསལ་གླིང་གི་རྩོད་རིགས་ཕུལ་བྱུང་གི་བྱ་དགའ།
ཟླ་འདིའི་ཚེས་༨ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདི་ལོའི་འཛི་གྲྭ་གོང་འོག་དབར་གཞུང་དོན་ཟབ་མོར་ལུང་རིགས་བདར་ཤ་བཅད་ནས་ཕུལ་བྱུང་གི་གཟེངས་བསྟོད་བཞེས་མཁན་ཚོར་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་ཞིག་འབྲས་བློ་གླིང་ཆོས་རྭ་གསར་པའི་ནང་འཚོགས་སོང་།
དེ་ཡང་དཔྱད་ཆོས་ཆེན་མོ་ཟླ་ཆོས་ནང་རྟགས་རིགས་འཛིན་གྲྭ་དང་། ཕར་ཕྱིན་འཛིན་གྲྭ་བདུན། དབུ་མ་འཛིན་གསུམ། འདུལ་བ་འཛིན་གྲྭ་གསུམ་དང་། མཛོད་འཛིན་གྲྭ་གཉིས་བཅས་འཛིན་གྲྭ་གོང་འོག་དབར་གཞུང་ཆེན་ཁག་སོ་སོར་གོ་རིགས་ལུང་གསུམ་གྱིས་སྒོ་ནས་འཛིན་གྲྭ་འཐབ་རེས་ཅེས་པ། འཛིན་གྲྭ་གོང་འོག་ཡོངས་སུ་རྫོགས་པས་གཞུང་ཆེན་ལ་གོ་བ་དང་། རིགས་པ། ལུང་བཅས་གསུམ་གྱི་སྒོ་ནས་རྩོད་ལན་འགྲན་བསྡུར་རྣོ་ངར་ཅན་གནང་སྲོལ་ཡོད་པ་བཞིན། འདི་ལོར་ཡང་གཞུང་ཆེན་ཁག་གི་ཐོག་རྩོད་རིགས་འགྲན་སྡུར་གནང་ཡོད་པ་རེད། རྩོད་རིགས་འགྲན་སྡུར་འདི་ནི་འབྲས་བློ་གླིང་གྲྭ་ཚང་གི་སློབ་གཉེར་གྱི་བྱུང་རབས་ནང་ནས་ཆོས་ཐོག་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་འདུག
ལོ་ལྟར་ཆོས་ཐོག་འདི་ལ་འཛིན་གྲྭ་སོ་སོས་འཛིན་རིམ་གོང་འོག་ལ་ཁ་གཏད་ལྕོགས་དགོས་པས་འཛིན་གྲྭ་སོ་སོའི་སློབ་གཉེར་བ་ཚོ་ལ་གཞུང་ཆེན་གྱི་གོ་རིགས་ལུང་གསུམ་ཆེས་ཆེར་འཕེལ་བའི་སྔོན་བྱོན་དམ་པ་གོང་མ་ཚོའི་སློབ་གཉེར་གྱི་ཐབས་ལམ་གཟི་བརྗིད་ཅན་ཞིག་ཡིན་ལ། ཕྱི་ལོ་ ༢༠༡༦ ལོའི་དཔྱད་ཆོས་ཆེན་མོའི་ཆོས་ཐོག་ནས་རྩོད་རིགས་འགྲན་སྡུར་གྱི་ཨང་དང་པོ། དབུ་མ་བདག་འགོག་འཛིན་གྲྭ ཨང་གཉིས་པ། ཕར་ཕྱིན་སྐབས་བཞི་པ་འཛིན་གྲྭ ཨང་གསུམ་པ། དབུ་མ་སེམས་བསྐྱེད་འཛིན་གྲྭ་བཅས་ཀྱི་ཨང་རིམ་བཞིན་འབྲས་བློ་གླིང་སྐྱབས་རྗེ་མཁན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱིས་ཕྱག་ནས་རྩོད་རིགས་ཕུལ་བྱུང་གི་བྱ་དགའ་བསྩལ་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།