བལ་ཡུལ་དུ་བོད་མི་འཇུས་པ་སྣེ་ལེན་ཁང་དུ་འབྱོར་བ།
དེ་ནས་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་བལ་ཡུལ་སྣེ་ལེན་ཁང་དུ་རྩིས་སྤྲོད་བྱས་ཡོད་པ་རེད། ཁ་འཐོར་ཕྱིན་པའི་བོད་མི་བརྒྱད་རང་རང་གིས་ཐབས་ཤེས་ཀྱིས་རླངས་འཁོར་དུ་བསྡད་ནས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཡོད་འདུག་ཀྱང། ལྷག་མ་མི་བཞི་བལ་ཡུལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་སྐབས་འབྱོར་མེད་ཀྱང། ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་རྩིས་སྤྲོད་ཀྱི་ཡོད་པ་དང། ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་བལ་ཡུལ་སྣེ་ལེན་ཁང་གིས་རྩིས་ལེན་བྱེད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་ཅེས་ཡུལ་གྱི་སྣེ་ལེན་ཁང་གི་འབྲེལ་ཡོད་མི་སྣས་ནོར་ཝེ་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་འདུག
སྤྱིར་རྒྱལ་སྤྱི་དང་བལ་ཡུལ་གཞུང་གཉིས་ཀྱི་བར་ལ་གྲོས་ཆོད་བཞག་པ་ལྟར་ན། བོད་མི་སྐྱབས་བཅོལ་བ་བལ་ཡུལ་གྱི་ས་མཚམས་སུ་འབྱོར་ཚར་བའི་རྗེས་ཕར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་མི་ཆོག་པ་དང། ཉེན་རྟོག་པས་འཛིན་བཟུང་བྱས་པ་དེ་འདྲ་བྱུང་བ་ཡིན་ན། ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་རྩིས་སྤྲོད་དགོས་པ་དང། དེ་ནས་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་ལ་འབྲེལ་བ་བྱས་ནས་བོད་མིའི་སྣེ་ལེན་ཁང་དུ་འབྲེལ་གཏུག་བྱེད་དགོས་པ་ཞིག་ཡིན་པ་རེད།།
