གྲོང་ཁྱེར་གྱི་རྨི་ལམ།

མུན་སྤྲིན་སྟུག་པོ་མཁྲིགས་པའི་མཁའ་དབྱིངས་ཀྱི་འོག་ཏུ་དེང་རབས་ཅན་གྱི་ཁང་གསར་རྣམས་ཐོག་རྩེག་ཤོ་སྦག་གི་བང་རིམ་ལྟར་བརྩིགས་ཤིང༌། འགྱིང་ ཉམས་དང་ཁེངས་དྲེགས་ཀྱི་རྣམ་པ་གསལ་པོར་དོད་པའི་གྲོང་ཁྱེར་གྱི་ཁང་པ་དེ་དག་སྲ་ མཁྲེགས་ཨར་འདམ་ལས་གྲུབ་པའི་ལམ་ཆེན་ཟུར་གཉིས་སུ་འགྱིང་ངེར་ལང༌། སྐྱ་ ཤར་རེར་གནས་པའི་གཞུང་ལམ་གཡས་གཡོན་དུ་རབ་བྱུང་གི་མགོ་བོ་ལྟར་གྱུར་ཚར་བའི་ རྒྱ་ལྕང་གིས་སྟར་ཕྲིང་བསྒྲིགས་པའི་སྟེང་དཔྱིད་དུས་ཁུ་བྱུག་དང་མཉམ་སྐྱེས་ ལྗང་ལོ་རེ་གཉིས་ཨུ་ཚུགས་ཀྱིས་སྡོང་པོའི་རྩེ་མོར་ཆགས་ཞེན་ཆེ་བའི་བྱིས་པས་ཨ་ མའི་བྲང་ཁར་འཁྱུད་པའི་ངང་ཚུལ་ཇི་བཞིན་འཛིན་ཡོད་ཀྱང༌། དོན་ དུ་ཁོ་ཚོའང་འུར་འུར་དུ་ལྡང་བཞིན་པའི་དབང་ཤེད་ཆེ་བའི་ལྷགས་རླུང་བཙན་པོའི་ འོག་ནས་ཐར་བའི་དུས་ཤིག་མེད་པ་ཤེས་ནས་ས་ལ་ལྷུང་ཆོག་ཆོག་ཀྱིས་བསྡད་འདུག

 

གཞུང་ལམ་ཟུར་གཉིས་ལ་སི་ཁྲོན་ཁ་ཚ་ཟས་རིགས། ཁྲཱོང་ཆིང་རྒྱ་ཁོག་ཆེན་མོ། དེང་རབས་མཛེས་བཟོ་ཁང་གསར། ཡིད་འོང་སྐྲ་བཞར་ཁང༌། ཁྱེད་ཀྱི་སྐོམ་གདུང་སེལ་ཐུབ་པའི་ལཱན་ཀྲཱའུ་ཨ་རག་གསར་ཐོན་སོགས་བྲིས་པའི་ཚོང་ལས་ཀྱི་འཕྲེད་རས་སྒོ་བྱང་འདྲ་མིན་སྦྱར་ཡོད་པ་མ་ཚད། དེ་ཕྱོགས་ཉིས་ཐོག་སྒང་ལ་ཟླ་བ་དྲུག་ནང་དུ་གདོང་གི་གཉེར་མ་ཡལ་ཐུབ་པའི་ཐོན་རྫས། ཤ་ ཁེབས་ཀྱང་འདག་ཐུབ་པའི་སྨན་རྫས་དཔེ་གསར་སོགས་ཁྱབ་བསྒྲགས་རིགས་ཀྱི་འཕྲེད་དར་ དཀར་སེར་དམར་ལྗང་ལྡོམ་ཐག་བཞིན་ཇེ་མཐོར་འཐེན་པ་དག་ནི་ཉ་འཛིན་དྲྭ་བ་ལའང་ འཁྲུལ་སྲིད།

རྒྱ་ ཆེ་བའི་ལམ་ཆེན་སྟེང་རྫོགས་མཐའ་མེད་པའི་རླངས་འཁོར་གྱི་དུ་ནག་དང་དྲི་ངན་ འཁྱིལ་བཞིན་ཉིན་མཚན་བསྟུད་མར་ཁ་ཕྱོགས་གཅིག་ཏུ་འུར་ཟིང་གིས་ཤར་རྒྱུག་བྱེད། ནམ་མཁའི་སྐར་ཚོགས་ལས་ཀྱང་མང་བའི་འགྱིག་དང༌། རྡུལ་ རྫས་ལས་གྲུབ་པའི་ཅ་དངོས་རིགས་མི་འདྲ་བ་དུ་མས་ཁྲོམ་རར་འཚང་ཀ་ཤིག་ཤིག་གིས་མི་ རྣམས་ལ་རྒྱུན་དུ་བསླུ་བྲིད་ཀྱི་ཞགས་པ་ཁྲ་ཁྲ་ཞིག་གིས་འཆིངས་བཞིན་པ་རེད། འོན་ ཀྱང་བྲེལ་ཟིང་ཆེ་བའི་གྲོང་ཁྱེར་གྱི་མི་རྣམས་ཀྱིས་གནས་ལུགས་དེ་དག་སྔ་ས་ནས་ ཤེས་རྟོགས་ཡོད་ཀྱང་ད་བར་བསླུ་བྲིད་ཀྱི་ཞགས་པ་དེའི་འོག་ནས་ཐར་མྱོང་མེད། ཟང་ཟིང་དང་འཁྲུག་ཆ་ཆེ་བའི་བདེ་སྐྱིད་གྲོང་ཁྱེར་ཆེན་མོ་མཐོང་ཐེངས་རེར། ཐག་རིང་རྒྱང་ནས་འོངས་པའི་གྲོང་གསེབ་པ་རྣམས་རང་ཉིད་གནས་ཚང་ཕྱོགས་སུ་ཕྱིར་ལོག་སྟངས་མ་ཤེས་ནས་ཁ་ཕྱོགས་འཆོལ་བའི་གནས་ཚུལ་ཉུང་ཉུང་མིན། འོན་ ཀྱང་ལྟོ་གོས་གཏམ་གསུམ་ལ་ཆགས་སེམས་ཆེ་བའི་བདེ་སྐྱིད་གྲོང་ཁྱེར་གྱི་མི་རྣམས་ དཔལ་འབྱོར་དང་རྒྱུ་ནོར་མཁོ་སྒྲུབ་དགོས་པས་བར་ཐུང་སྐར་ཆ་ཙམ་ལའང་འདུག་ལོང་ མེད་ལ།

ཉིན་མཚན་བསྟུད་མར་གཟི་བརྗིད་ཆེ་བའི་སྒོར་མོའི་སླུ་བྲིད་ཀྱི་གྲིབ་གཟུགས་དང་འགྲོགས་དགོས་པ་ནི། དིང་རབས་ཡར་ཐོན་གྲོང་ཁྱེར་ནང་གི་ཕོ་མོ་རྒན་གཞོན་ཚང་མས་ལྡོག་ཐབས་མེད་པའི་ལས་དབང་བཙན་པོ་ཞིག་ཏུ་སྣང༌།

སྟོན་མཇུག་དུས་ཀྱི་དགོང་མོ་ཆུ་ཚོད་ལྔ་པ་དང༌། དྲུག་པ་ཙམ་ལ་གྲོང་དབུས་སུམ་མདོ་ལམ་ཟུར་རྒྱ་ཡི་ཟས་ཁང་ཆུང་ཆུང་ཞིག་ནས།

ཕེ་འེ། སྨྱོན་མ། ཕྱི་རུ་རྒྱུག་ཅིག གོ་ཨེ་བྱུང་

ཞེས་ ཛ་དྲག་གི་ངར་སྐད་འགའ་རྒྱབ་པའི་རྗེས་སུ་སྤྲང་མོ་ཞིག་ཟས་ཁང་ཆུང་ཆུང་དེའི་ མདུན་གྱི་མི་འགྲོའི་རྐང་ལམ་ཟུར་དུ་ནག་རོབ་བེར་ཕྱི་རུ་ཕུད་རྒྱག་བཏང་བྱུང༌། སྤྲང་ མོའི་མགོ་བོར་འགྱིག་གི་མེ་ཏོག་སེར་ཆུང་ཞིག་རྒྱན་འདུག་པ་དེའང་འདར་ཁྲུག་ཁྲུག་ གི་ངང་ནས་ཕལ་ཆེར་གོམ་ཞགས་གཉིས་གསུམ་ཙམ་གྱི་མཚམས་སུ་སྤྲང་མོ་དང་རང་དབང་མེད་ པར་ཁ་བྲལ་བཏང༌། མཐོང་ཆོས་ལ་ཕུད་རྒྱག་གིས་གཡུགས་པའི་སྤྲང་མོ་དེ་ས་ལ་འགྱེལ་སྟངས་ངན་པ་ཞིག་བྱས་སོང་ཡང༌། སྤྲང་མོས་ད་དུང་ལག་གཡོན་མའི་ནང་པགས་ཁུག་དང་དབྱུག་པ་གཉིས་མཉམ་དུ་དམ་པོར་འཛིན་འདུག་པ་མ་ཟད། ཟ་ ཁང་ནས་སྦར་སྙབ་བརྒྱབ་རྒྱུ་རྙེད་པའི་སྲན་ཐུག་བསྔོས་མ་འགའ་ལག་གཡས་པས་ཁ་ནང་ རྫོང་གིན་ཁ་ནས་སྣུམ་ཐིགས་དང་ཁ་ཆུ་མཉམ་དུ་འཛར་ཞོར་ས་ལ་བསྡད་དེ་ཧེ་ཧེ་ཧེ་ཞེས་ དགོད་བཞིན་གདའ།


སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་ཚར་བའི་སྤྲང་མོའི་མགོ་སྐྱེས་ནི་གཡག་རྔ་གནམ་ལ་གཡུག་པ་དང་དབྱེར་མེད་དུ་ཟིང་བཞིན། མོས་ རྙིང་ཧྲུལ་གྱི་བོད་གོས་སེར་པོ་དེ་འཐེན་ཙམ་འཐེན་ཙམ་གྱིས་མུ་མཐུད་སྣུམ་གྱིས་ སྦགས་པའི་ལག་མགོ་ཞིམ་མདོག་ཆེན་པོའི་ངང་ལྕེ་ལྡག་རྒྱག་བཞིན་བསྡད། ཟས་ ཁང་ནང་གི་རྒྱ་རྒན་དེ་ཁོང་ཁྲོ་མེ་ལྟར་འབར་བཞིན་ལག་ཏུ་གཏུབ་གྲི་ཞིག་འཁྱེར་ཏེ་ སྤྲང་མོའི་རྗེས་སུ་འདེད་བྱུང་བས་སྤྲང་མོ་སྐྲག་ཐག་ཆོད་ནས་སྐད་ཤུགས་ཆེན་པོས་ ངུ་སྐད་ཐོས་སྟབས། ལམ་ཐོག་བཞུད་བཞིན་པའི་རྐང་ཐང་བ་རྣམས་ཟས་ཁང་སྒོ་ཁར་ཇེ་མང་ནས་ཇེ་མང་དུ་རུབ་བྱུང་བས། རྒྱ་རྒན་ཁ་སྐྱེངས་ཤིང་ཅུང་མི་བདེ་བའི་ཟོལ་གྱིས་མགྱོགས་མྱུར་ཟས་ཁང་ནང་དུ་ཡར་འཛུལ་ནས་གཏུབ་གྲི་སྔར་བཞིན་རང་སར་བཞག མི་ཚོགས་ནང་འཚང་པའི་རྒྱ་མོ་གཏེ་འཁོགས་སྐྲ་སུ་ལུ་བ་ཞིག་གིས་སྨྱོན་མ་མཐོང་རྗེས་སུན་མདོག་ཆེན་པོས་ཡང་མོ་རེད་འདུག་ག སྐྱུག་མ་བྲོ་

ཞེས་ཟེར་ཞོར་ཕྲག་གཟེར་ཀོ་ཁུག་དམར་ཆུང་ནས་ཁ་རས་ཤིག་བཏོན་ཏེ་འབུ་ཟས་རྒྱ་མཆུ་དམར་པོ་བསྒྲིབས་པར་བྱས།

ཡང་མི་ཚོགས་དཀྱིལ་གྱི་ཆོས་མཇལ་ཞུ་མཁན་བོད་པ་བགྲེས་སོང་ཞིག་གིས་

དཀོན་མཆོག་མཁྱེན། ཆོས་མེད་པའི་ཀླ་ཀློའི་འཇིག་བརྟེན་འདིར། འཕགས་པ་སྤྱན་རས་གཟིགས་ནི་མི་ཡུལ་དུ་བཞུགས་ཡོད། ད་གངས་ཅན་པའི་ལས་ངན་འདི་ག་དུས་མཇུག་བསྒྲིལ་ཐུབ་བམ་

ཞེས་མགོ་རྔ་མེད་པའི་སྐད་ཆ་འདི་བཞིན་མི་ཚོགས་ནང་དུ་ཁེར་གཏམ་བྱེད་ཞོར་ཕུ་ཐུང་གིས་མིག་ཆུ་ཕྱི་ཙམ་བྱས། འོན་ ཀྱང་མི་རྣམས་བགྲེས་པོའི་སྐད་ཆ་ལ་ཚོར་བ་གང་ཡང་མེད་པར་སྨྱོན་མ་ལ་ཉོབ་མདོག་ གིས་ལྟ་ཙམ་ལྟ་ཙམ་རེ་བྱས་ཏེ་རིམ་གྱིས་རང་རང་གི་འདོད་པའི་ཕྱོགས་སུ་གྱེས། སྨྱོན་མ་ས་ལ་སྡོད་ཅིང་སྔར་བཞིན་ཧེ་ཧེ་ཞེས་དགོད་བཞིན་འདུག

དུས་ དེར་རྒྱང་ཐག་རིང་ཚད་ཀྱི་ཕྱོགས་ལ་མཚོན་མདོག་ནག་པོའི་རླངས་འཁོར་ཆུང་ཆུང་ཞིག་ བཞག་འདུག་པ་དེའི་ནང་དུ་སུ་ཞིག་གིས་རླངས་འཁོར་གྱི་ཤེལ་སྒོ་ཕྱེ་ཙམ་བྱས། ཆེ་ གེ་མོ་ཕག་པ་རྒྱག་ལུག་དེས་མཚོན་ཁྲ་ཅན་གྱི་མིག་ཤེལ་མར་ལེན་ཞོར་དཔྲལ་བའི་སྒང་ གི་རྨ་ཤུལ་ལ་འཕུར་ཙམ་འཕུར་ཙམ་བྱེད་ཀྱིན་ཁོ་པའི་ཟུར་གསུམ་བྱི་མིག་གཉིས་ཧྲིག་ ཧྲིག་གིས་སྨྱོན་མར་ཡུན་ཐུང་ཙམ་ཅེར་ཏེ་ཁོག་དགོད་ཅིག་ཤོར་ནས་རླངས་འཁོར་གྱི་ ཤེལ་སྒོ་དལ་གྱིས་བརྒྱབ་ཅིང༌། རླངས་འཁོར་འོག་ནས་དུ་ཞགས་ནག་པོ་ཞིག་གློད་དེ་ཕྱིན་སོང༌།

དུས་དེར་གཞུང་ལམ་དཀྱིལ་གྱི་འགྲིམ་འགྲུལ་ཉེན་རྟོག་པས་རླངས་འཁོར་བཀག་བརྡའི་གློག་དམར་སྤར་རྗེས། སྨྱོན་ མས་ལམ་ཕར་ཕྱོགས་ནས་དར་གཞོན་མ་ཞིག་བྲེལ་ཚུབ་ཀྱིས་འཕྲེད་གཅོད་ལམ་ནས་མོའི་ ཕྱོགས་སུ་རྒྱུག་འོང་བ་མཐོང་སྟེ་མཛུམ་ཙམ་གྱིས་བལྟས་ནས་བསྡད་འདུག དར་ གཞོན་མས་སྨྱོན་མའི་ལག་ནས་བཟུང་མ་ཐག་བཟོད་མ་ཐུབ་པའི་མིག་ཟུང་ནས་མཆི་མ་ལྷུང་ ལྷུང་མུ་ཏིག་གི་ཕྲིང་ཐག་ཆད་པ་ལྟར་ས་གཞིར་རྡོལ་བཞིན་མོ་རང་གཉིས་གྲོང་ཁྱེར་ དེའི་གསང་ལམ་ཞིག་ནས་དལ་གྱིས་ཡིབ།


གཉིས་པ། རྩྭ་ཐང་གི་གླུ་ཆུང་སྙན་མོ།


འབྲོག་སྡེ་མང་པོ་རང་མེད་ཀྱང༌། རི་ཀླུང་ནགས་ཤིང་གིས་རྭ་བ་ཡོངས་སུ་བསྐོར་ཅིང༌། སྤང་ཐང་གི་སྟེང་དུ་དྲི་བསུང་ལྡན་པའི་མེ་ཏོག་གྲངས་མེད་ཀྱིས་ཁྲ་རྒྱན་སྤྲས་པའི་མཛེས་སྡུག་ཕུན་སུམ་ཚོགས་པའི་ཡུལ་ལྗོངས་དེ་ནི། བོད་ཀྱི་འབྲོག་པ་སྤྱི་མཚུངས་ལྟར་བགྲང་བྱ་གྲངས་མེད་རྒྱུན་སྡོད་བྱེད་སའི་དར་ལུང་འབྲོག་སྡེ་ཟེར་བ་དེ་རེད། ལུང་ པའི་མདའ་རུ་ནམ་ཡང་ཆད་མྱོང་མེད་པའི་གླུ་ཆུང་སྙན་མོ་དབྱངས་སུ་གྱེར་བཞིན་དྲི་ མེད་སྲིད་པའི་གངས་དཀར་ལྷུན་པོ་ནས་རྡོལ་བའི་དལ་འབབ་གཙང་ཆུ་རིང་མོ་ཟེར་བ་དེ་ ཡིན་ཏེ། དེ་ནི་དར་ལུང་འབྲོག་སྡེའི་རང་གཤིས་གསོན་པོ་མཚོན་པའི་ལེགས་སྐྱེས་ཀྱི་འབབ་ཆུ་ཞིག་དང༌། རྟ་རྔ་ལས་ཀྱང་ཕྲ་བའི་རིན་ཆེན་ཚེ་སྲོག་སྲིང་པའི་རམ་འདེབས་ཀྱི་འབབ་རྒྱུན་རིང་མོ་ཞིག་ཀྱང་རེད། ཡངས་པའི་སྤང་ཐང་ན་བལ་ལྡན་ལུག་ཁྱུའི་འབའ་སྒྲས་ཡུལ་གྱི་སྐྱོ་སྣང་དང་སྡུག་གི་ལྷིང་འཇག་ཡོངས་སུ་དཀྲོགས་ཏེ། འབྲོག་སྡེ་དེར་རྟག་ཏུ་དམིགས་བསལ་གྱི་སྤྲོ་སྣང་སྦྱིན་མཁན་བརྗོད་བྲལ་སེམས་ཁོང་གི་རྒོད་སྒྲ་ཞིག་ཀྱང་ཡིན།

ཕོ་ལོ་བཅོ་ལྔས་ཕ་ལ་བློ་མ་འདྲི། མོ་ལོ་བཅོ་ལྔས་མ་ལ་ཟས་མ་བསྒུག་ཅེས་ཟེར་སྲོལ་ལྟར། དར་ལུང་འབྲོག་སྡེ་ནང་གི་མི་རྒན་བག་གྲོའི་ཚ་མོ་མེ་ཏོག་ནི་ད་ལོ་མོ་ལོ་ལྔ་གསུམ་བཅོ་ལྔ་ཏག་ཏག་ལ་སླེབས་ཤིང༌། ཁོང་མོ་ནི་དཔྱིད་དཔལ་གྱིས་ཡོངས་སུ་ཕྱུག་པའི་ནགས་ཚལ་གསེབ་ན། མ་ངེས་ཁ་དོག་དུ་མས་སྒྲོ་གུར་ལེགས་ཤིང་རྣམ་པ་རབ་ཏུ་བཀྲ་བའི་མཛེས་པའི་རྨ་བྱ་གཞོན་ནུ་ཞིག ཡུན་རིང་མ་ཐོས་སྙན་པའི་དབྱར་རྔའི་སྒྲ་དབྱངས་ལ་བསྒུག་པའི་ངང་ཚུལ་དང་ཀུན་ནས་མཚུངས་ལ། རྙིང་ཧྲུལ་པགས་རྩག་གི་ནང་དུ་རིམ་བཞིན་ལྷོད་ཀྱིས་རྒྱས་པའི་སྐུ་གཟུགས་ནི་རྩྭ་རིའི་སྨྱུག་མ་དང་དཔག་བསམ་ཁྲི་ཤིང་ལས་ཀྱང་དྲང། ལོ་ན་དར་ཞིང་ལང་ཚོ་ནི་དྲི་ཟའི་བུ་མོ་བཞིན་དུ་སྨིན། འཇོ་སྒེག་དང་སྒྱུ་སྩལ་གྱི་ཉམས་འགྱུར་ནི་མ་འབད་ལྷན་སྐྱེས་ཀྱི་རང་གཤིས་ཡར་ཟླ་བཞིན་དུ་རྫོགས། སྲབ་ ཅིང་འཇམ་ལ་སྟོད་གོས་དམར་པོའི་ནང་གི་དཀར་གཙང་འོ་མའི་མདོག་ལས་འཁྲུངས་པའི་གཡས་ འཁྱིལ་དུང་གི་འབུར་ཚུགས་ཅན་གྱི་དབྱིབས་མཛེས་མྱོས་བུམ་ཟུང་ནི་སྲ་ཞིང་རྒྱས། འཛུམ་པའི་བཞིན་རས་ནི་དཀྱིལ་འཁོར་གྱི་ཆ་ཤས་ཡོངས་སུ་རྫོགས་པའི་སྤྲིན་བྲལ་སྟོན་གྱི་བཅོ་ལྔའི་དུང་ཟླ་དང་ནི་ཡང་ཡང་འཁྲུལ། མཚར་སྡུག་དམར་མདངས་ལྡན་པའི་མཁུར་ཚོས་ཟུང་གི་ངོ་བོ་ནི་ནོག་བྲལ་དམར་ཆུང་བྱུ་རུའི་མདོག་ལ་ལྷག་པར་འཁུ། ཆུ་ཁྲོམ་མེར་གསལ་བའི་དཔྲལ་བའི་འོག་ན་སྤྱང་གྲུང་གི་འོད་མདངས་འཚེར་བའི་འདྲེན་བྱེད་ཟུང་ནི་དྭངས་བའི་མཚོ་ན་འོད་ལྡན་ཆུ་བུར་བཞིན་དུ་གསལ། རྐང་ དྲུག་བུང་བའི་མདོག་དང་འདྲེས་པའི་སྣག་སྣུམ་ཚར་དུ་མངར་བའི་ལན་བུའི་སྐྲ་ལོ་ལ་ ནི་རིན་ཆེན་གཡུ་དང་བྱུ་རུ་ཆུང་ཆུང་དུ་མས་རྒྱན་ཏེ་རྒྱབ་ཕྱོགས་མཚང་རའི་ངོས་ སུ་ལེགས་པར་དཔྱང༌།

མེ་ཏོག་གིས་རྒྱང་ཐག་ནས་སྙན་པོའི་གླུ་དབྱངས་དང་སྦྲགས་ནོར་ལུག་འདེད་བཞིན་གོམ་ཁ་སྨུག་ནག་སྦྲ་གུར་གྱི་ཕྱོགས་སུ་བསྒྱུར། དི་ རིང་ཡང་ཁོ་མོ་དགོང་མོའི་མཚམས་སྤྲིན་གྱི་འོད་མདངས་དང་ལྷན་དུ་འདྲེས་ནས་ལྷིང་ འཇག་གི་འབྲོག་སྡེར་སྤྲོ་སྣང་གི་གླུ་ཆུང་ལྷང་ལྷང་དུ་གྱེར་ཞིང་འོང༌། སྤྱིར་སྙིང་རྗེ་འོས་པ་ཞིག་ལ། མེ་ཏོག་རང་ཉིད་དྲན་ཁོང་ན་བསམ་བློ་ཡོད་ཙམ་ནས་བཟུང་མོ་རང་གི་ཕ་མ་གཉིས་ཀ་སྐུ་འཚོ་མ་བསྲིངས་པས་མིང་དོན་མཚུངས་པའི་དྭ་ཕྲུག་ཞིག་ཏུ་ལྷག འོན་ཀྱང་མེ་ཏོག་རང་ཉིད་ལ་བྱམས་དང༌། སྙིང་བརྩེ་རབ་ཏུ་ཕྱུག་པའི་ཨ་མྱེ་བག་གྲོ་ཡོད་པས་མེ་ཏོག་གི་བསམ་ཡངས་སེམས་ཁོང་ཁྲ་མོ་རྟག་ཏུ་སྤྲོ་སྣང་ཉི་མའི་འོད་མདངས་ཀྱིས་ཁེངས་ཤིང༌། རྒྱུན་ལྡན་ལྟར་མོས་ནོར་ལུག་ལྷས་རའི་ནང་བཙུད་རྗེས་འཕགས་མཆོང་རྒྱག་གིན་ཨ་མྱེ་བག་གྲོ་སྡོད་སའི་ཁང་ཆུང་ནང་དུ་འཛུལ། མོས་ འབོལ་གདན་མལ་ཁྲིའི་ཐོག་ཏུ་བསྡད་ཡོད་པའི་ཨ་མྱེ་བག་གྲོ་མཐོང་མ་ཐག་རྐེ་ལ་ འཁྱུད་ཞོར་འགྲམ་པར་འོ་ཞིག་བྱས་ཏེ་ཨ་མྱེ་བག་གྲོའི་ཇ་ཕོར་ནས་ཇ་ཁམ་བུ་འགའ་ཧུབ་ འཐུང་བརྒྱབ། ཨ་མྱེས་བག་གྲོ་གློ་རྒྱག་གིན་མེ་ཏོག་གི་མགོ་བོར་བྱིལ་བྱིལ་གནང༌།



བྱམས་ དང་བརྩེ་བའི་ནུས་དྲོད་ཞུན་མས་ཡོངས་སུ་ཁེངས་པའི་སྦྲ་གུར་ནང་དུ་རྒན་གཞོན་ གཉིས་ནས་དགོང་ཟས་སྟབས་བདེ་ཞིག་ཟོས་རྗེས་མེ་ཏོག་ལྷས་ར་ནང་འབྲི་འོ་འཇོ་བར་ ཕྱིན། ཨ་ མྱེ་བག་གྲོས་མདུན་ལྕོག་ཆུང་ཆུང་དེའི་སྟེང་དུ་འཚིགས་དྲེག་སྙིང་ཧྲུལ་དུ་གྱུར་ ཚར་བའི་སྤྱོད་འཇུག་ཆེན་མོའི་དཔེ་ཆ་དེ་ཀློག་གིན་ལྷོད་ལྷོད་དུ་སྡོད་ཡོད་པའི་ ཁར་འབྲོག་སྡེ་ཕར་ཙམ་ནས་ཀི་སྒྲ་ལན་འགའ་བརྒྱབ་པར་ཐོས། མེ་ཏོག་གིས་ཨ་ལན་སྟེར་གྲབས་བྱས་པར་ཨ་མྱེ་བག་གྲོ་ལམ་སང་ཡར་ལང་ཞོར་ཕྱི་ལ་ཐོན་ཞོར་ངས་བལྟ་འོང་ཟེར། ཡུད་ཙམ་གྱི་རྗེས་སུ་མེ་ཏོག་ཕྱུགས་ལས་ཚར་ཏེ་ཕྱི་རུ་དོན་སྐབས་ཨ་མྱེ་ཚུར་ལོག་འོང་པར་མཐོང་བས། མེ་ཏོག་གིས་སུ་རེད་ཅེས་དྲིས་པར། ཨ་མྱེས། འོ༌༌༌༌༌ཨ་ཞེ་དབྱངས་ཅན་རེད། ་འགྲོ་གྲབས་འདུག་ཅེས་ཟེར་བས། མེ་ཏོག་གིས་ཨ་ཞེ་དབྱངས་ཅན་གྱི་ཕྱོགས་སུ་རྒྱང་མིག་བསྲིངས་ཙམ་བྱས་ནས་སླར་ཡང་སྒོ་ཟོག་གི་ལྷས་རར་འཛུལ།

ཕྱི་ཉིན་ཞོགས་པར་མེ་ཏོག་སྔར་རྒྱུན་བཞིན་ཨ་མྱེ་བག་གྲོ་ལ་འོ་ཇ་ཕུལ་ནས་ཕྱུགས་རྫི་ཆས་ལ་ཉེ་བར། ཨ་མྱེས་གློ་བུར་དུ་

མེ་ཏོག མེ་ཏོག འདིར་ཤོག་དང་

ཞེས་འདུན་དུ་བོས་ནས།

ཨ་མྱེས་ཁྱོད་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད་

ཟེར། མེ་ཏོག་ཨ་མྱེའི་འཁྲིས་སུ་བཅར་དུས། ཨ་མྱེས་

མེ་ཏོག ཁྱོད་རང་གྲོང་ཁྱེར་ནང་འགྲོ་འདོད་ཡོད་དམ་

ཞེས་དྲིས། མེ་ཏོག་ཐེ་ཚོམ་མེད་པར་དགའ་སྤྲོ་ཆེ་མདོག་གིས་

འདོད་དང་འདོད། ཨ་མྱེ། ཨ་ ཞེ་དབྱངས་ཅན་གྱིས་གྲོང་ཁྱེར་ནང་འཁྲུགས་ཆ་དོད་པོ་ཡོད་པའི་སྐོར་གླེང་དུས་ང་ རང་མི་ཚོགས་གསེབ་ན་སྐད་སངས་མཐོན་པོས་འབྲོག་གླུ་ལེན་གྱི་ཡོད་པའི་རྨི་ལམ་ཡང་ ཐེངས་མང་རྨིས་མྱོང་

ཞེས་བརྗོད། ཨ་མྱེས་དེ་ཡིན་ན་འགྲིག་སོང༌། ངས་ཁྱོད་རང་གྲོང་ཁྱེར་ལ་གཏང༌། དེ་རིང་ཁྱོད་རང་ཨ་ཞེ་དབྱངས་ཅན་མཉམ་དུ་གྲོང་ཁྱེར་ནང་རྒྱུགས་ཤིག་

ཅེས་ཟེར་བས། མེ་ཏོག་གི་སེམས་སུ་དགའ་སྤྲོ་དཔག་མེད་ལུ་གུ་འཕགས་མཆོང་རྒྱག་པ་ལྟར་གྱུར་ཏེ། དེ་དངོས་གནས་ཡིན་ནམ་ཞེས་སླར་ཡང་ཨ་མྱེ་བག་གྲོ་ལ་ཐེངས་ཤིག་དྲིས་པས་ཨ་མྱེ་བག་གྲོ་འཛུམ་མུལ་མུལ་གྱི་ངང་ནས་

ཡིན་དང་ཡིན། རྒྱུག ཁྲུས་གཙང་མ་ཞིག་བརྒྱབ་ཏེ་སྦུག་ནས་གོས་གསར་པ་དེ་གྱོན། ངས་དངུལ་ཏོགས་ཙམ་ལེན་འོང་

ཟེར།


གསུམ་པ། དར་ལུང་ནས་བཞད་པའི་རེ་རྨའི་དྲི་བསུང༌།


མེ་ཏོག་དགའ་སྤྲོ་ཆེན་པོས་འགྲིམ་འགྲུལ་རླངས་འཁོར་གྱི་སྒེའུ་ཁུང་གི་ཕྱི་རུ་མིག་ལམ་ནས་མཛེས་པའི་ཕ་ཡུལ་དང༌། འབྲོག་སྡེ། ལྟོས་ཆེ་བའི་ཡུལ་ལྗོངས་དག་ལ་ལྟད་མོ་མིག་གི་རྒྱལ་མོར་བསུ་བཞིན་རིམ་གྱིས་བརྗིད་ཆགས་རི་ཀླུང་ཀུན་ལ་ཡ་མཚན་ཆེན་པོ་སྐྱེ་ཞིང་ཡལ། མོ་རང་ཨ་མྱེ་དང་འབྲོག་སྡེ་གཉིས་ད་ལྟའི་བར་དུ་ཁ་བྲལ་མྱོང་མེད་པས་རང་བཞིན་གྱིས་སྐྱོ་སྣང་ཕྲན་བུའང་ཡོད་པར་སྨྲོས་མེད་རེད།

འགྲུལ་བཞུད་ཀྱི་ལམ་སྣེ་ཡོངས་སུ་རྫོགས་རྗེས། འབྲོག་སྡེའི་ལུག་ཁྱུ་ལྟར་མང་བའི་གྲོང་ཁྱེར་སྲང་ལམ་གྱྀ་མི་ཚོགས་རྣམས་ནས་ཡ་མཚན་ཆེན་པོས་མེ་ཏོག་ལ་བལྟ་དུས། མེ་ཏོག་ཀྱིས་ཀྱང་མི་རྣམས་ལ་འཛུམ་མུལ་མུལ་གྱིས་མགོ་བོ་ལྡེམ་ཙམ་ལྡེམ་ཙམ་བྱས། ཨ་ཞེ་དབྱངས་ཅན་གྱིས་ཚུལ་དེ་ལྟར་མཐོང་རྗེས་མི་རྣམས་ལ་མི་དགའ་བའི་རྣམ་འགྱུར་སྟོན་ཞོར་མེ་ཏོག་ལ་མགྱོགས་ཙམ་ཤོག་ཅེས་བཤད། དེ་ནས་མོ་རང་གཉིས་གྲོང་ཁྱེར་ཤར་ཕྱོགས་སུམ་མདོ་ལམ་འཕྲང་ཞིག་ལ་སླེབས་སྐབས་ཨ་ཞེ་དབྱངས་ཅན་གྱིས། ལྟོས་དང་མེ་ཏོག ཡ་གི་ཉིས་ཐོག་སྒང་གི་ཁང་པ་དེ་ང་རང་གཉིས་ཀྱི་ནང་རེད་དཱ་

ཟེར། ཡུན་ཐུང་ཙམ་ནས་ཨ་ཞེས་ད་སླེབས་སོང་ཟེར། ཕྱི་ སྒོ་ནས་འཛུལ་རྗེས་གུ་དོག་པའི་རྡོ་སྐེས་རིང་མོའི་ཐེམ་པ་རེ་རེ་བཞིན་འཛེགས་ཏེ་ ཉིས་ཐོག་སྒང་སླེབས་རྗེས་ཨ་ཅག་དབྱངས་ཅན་གྱིས་མེ་ཏོག་རང་ཉིད་སྡོད་སའི་ཁང་མིག་ ནང་དུ་ཁྲིད། སྒོ་རས་ཡར་ཕྱེ་མ་ཐག་མེ་ཏོག་གིས་ཁང་པའི་ནང་དུ་རྒྱ་སེའི་མེ་ཏོག་རི་མོ་བརྒྱབ་པའི་ས་གདན་ཆེན་པོ་ཞིག་བཏིང་ཡོད་པ་མཐོང་མ་ཐག ལམ་སང་རྐང་ལྷམ་སྒོ་ཡི་ཕྱི་རུ་ཕུད་ནས་དལ་བུའི་ངང་ཁང་པའི་ནང་དུ་འཛུལ། ཁང་བའི་ནང་བརྐོས་བཟོ་ལེགས་པའི་བོད་ལུགས་མཆོད་བཤམ་རིང་པོས་གྱང་གཡས་གཡོན་བར་གྲ་འགྲིག་པོ་བསྒྲིགས་ཡོད་པ་མ་ཟད། དེའི་ནང་གསེར་གཙོ་མ་ལས་གྲུབ་པའི་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་སོགས་ལྷ་སྐུ་དུ་མ་དང༌། དེ་དག་གི་མདུན་དུ་མཆོད་ཡོན་དང༌། དྲི་ཆབ། སྣང་གསལ་སོགས་ཀྱིས་མཆོས་རྫས་བཀོད་པ་ལེགས་པར་བཤམས་པ། དེའི་ཟུར་ན་དེ་སྔོན་མེ་ཏོག་གིས་སྔོན་གཟུགས་འཛིན་མིག་ལམ་ཕྲ་མོར་མངོན་མ་མྱོང་བའི་མཚོན་ཁྲའི་གཟུགས་མཐོང་བརྙན་འཕྲིན། དེ་དང་ཉེ་བར་བསྐོས་ལེགས་དབྱིབས་མཛེས་ལག་སྒམ་ཆེན་མོ། གཞན་ ཡང་ཁང་པའི་གྱང་ངོས་སུ་འཇམ་ཞིང་གཙང་ལ་དྭངས་བའི་ཟིང་དམར་ཅན་གྱི་ལྕགས་ཚོན་ ལེགས་པར་བྱུག་པའི་ལྡེབས་ངོས་བཀྲ་མདངས་ཆེ་ཤིང་གཟི་བརྗིད་ཕུན་སུམ་ཚོགས་པ་དེ་ དག་རིམ་པར་མིག་གི་ལོངས་སྤྱོད་དུ་གྱུར་པས། མེ་ ཏོག་ཡ་མཚན་དང་དགའ་སྤྲོ་ཆེན་པོས་གང་སར་ལྟ་གིན་སྒྲོག་རྩེ་སྟེང་དུ་འགྱིང་ངེར་ བསླངས་པའི་ཟློག་མེད་རང་མདངས་གསལ་བའི་དྲི་མེད་ཤེལ་གྱི་མེ་ལོང་ཆེན་པོ་དེའི་ འགྲམ་དུ་སླེབས། མེ་ ཏོག་གིས་མེ་ལོང་ནང་ཤར་བའི་ལྷའི་བུ་མོ་དང་འདྲ་བ་དེ་རང་ཉིད་ཀྱི་གཟུགས་བརྙན་ ཡིན་པ་ཤེས་རྗེས་སྤོབས་སེམས་ཀྱི་མགོ་བོ་སྒྱེ་ཙམ་ཞིག་བྱས་ནས་ཡང་ཡང་བལྟས་པར། རྒྱབ་ཕྱོགས་ཨ་ཞེ་དབྱངས་ཅན་གྱིས་མེ་ཏོག་གི་རྣམ་འགྱུར་དེ་དག་མིག་ལམ་དུ་གྱུར་མ་ཐག་དབང་མེད་གད་མོ་ཞིག་དགོད་བཞིན་མེ་ལོང་ལ་མཛུབ་མོ་ཀེར་ནས་ལྟོས་དང༌། མེ་ལོང་ནང་གི་གཟུགས་བརྙན་དེ་སྐབས་གསུམ་ལྷའི་བུ་མོ་ཞིག་རབ་ཡངས་གངས་ཅན་ལྗོངས་སུ་སྐུ་མགྲོན་དུ་ཕེབས་པ་མིན་ནམ་བསམ་པ་འདུག་

ཅེས་ཀུ་རེའི་ཚུལ་གྱིས་མོ་རང་གཉིས་ཀ་མཉམ་དུ་དགོད་ཀྱི་ཧར་སྒྲ་རྒྱང་དུ་བསྲིངས། དགུང་ ཟས་དྲ་རྒྱས་དང་གཙང་འཁྲུས་གྲུབ་རྗེས་ཨ་ཞེ་དབྱངས་ཅན་གྱིས་མེ་ཏོག་ཁང་མིག་གཞན་ ཞིག་ནང་མལ་ཁྲི་འབོལ་པོ་ཞིག་གི་སྒང་དུ་བསྙལ་བས་ལམ་བར་དཀའ་ངལ་སོགས་ཀྱིས་མེ་ ཏོག་དུས་ཡུན་ཐུང་ཙམ་ནས་སྨག་རུམ་རྨི་ལམ་གྱི་ཞིང་དུ་བྱོལ།

ཕྱི་ ཉིན་ཞོགས་ཟས་གྲུབ་རྗེས་ཆུ་ཚོད་བདུན་པ་ཙམ་ནས་ཨ་ཞེ་དབྱངས་ཅན་གྱིས་མེ་ཏོག་ ཁྲོམ་གཞུང་ལམ་ཆེན་གྱི་ཉེ་ཟུར་ན་ཡོད་པའི་ཁོང་མོའི་ཚོང་ཁང་ཆུང་ཆུང་དེའི་ནང་ དུ་ལྡོག་སྣེ་སྟོན། ཚོང་ ཁང་སྒོ་ཕྱེས་རྗེས་བང་ཁྲི་དུ་མའི་སྒང་ལ་དབྱིབས་གཟུགས་མཛེས་ཤིང་ཚོན་མདོག་དང་ དངོས་པོ་འདྲ་མིན་གྱིས་ཁེངས་པའི་ཤེལ་དམ་གྲངས་མེད་གཤམ་ཡོད་པ་རིག་དུས་མེ་ཏོག་ ཡ་མཚན་ཆེན་པོས། ཨ་ཞེ། དབྱིབས་གཟུགས་དང་ཚོན་ཁྲ་འདྲ་མིན་གྱི་ཤེལ་དམ་འདི་ཚོ་ཅི་ཡིན་ནམ་

ཞེས་དྲིས། ཨ་ཞེ་དབྱངས་ཅན་གྱིས་དེ་མ་ཐག་ཏུ་ཤེལ་དམ་ཞིག་ཁ་ཕྱེས་ཏེ་ཞག་རྩི་ཅུང་ཟད་བཏོན་ནས་མེ་ཏོག་གི་གདོང་ལ་བྱུག་པས་མེ་ཏོག་གིས་ཨོའོ་ཤ་སོས་ཟེར་བ་དེ་རེད་འདུག་ག་ཞེས་ཞེན་པ་འཕྲུལ་གྱི་དབྱིངས་ལ་དྲངས་པས་ཨ་ཞེ་དབྱངས་ཅན་མཆུ་རྩེ་འཛུམ་མདངས་ཀྱིས་སོ་ཕྲེང་ཕྱི་རུ་མངོན།

ཉིན་ཤས་ནས་ཨ་ཞེ་དབྱངས་ཅན་གྱིས་མེ་ཏོག་དགོན་པ་དང་གནས་ཆེན་ཁག་ལ་ཆོས་མཇལ་དང༌། དེང་ སྐབས་ཀྱི་རྩེད་མོ་དང་ཅ་དངོས་འདྲ་མིན་དར་སྲོལ་ཆེ་བའི་ཁྲོམ་གཞུང་ཕྱོགས་སུ་ ལྟད་མོ་བཅས་ཀྱི་ཆེད་དུ་གང་སར་ཁྲིད་པས་མེ་ཏོག་གི་མིག་རྣ་ཡིད་དབང་དང་བཅས་པ་ དགའ་སྤྲོས་ཚད་མེད་མྱོས་ཏེ། དྲན་ཆེ་ན་དྲིན་ཅན་ཨ་མ་བརྗེད་ཟེར་བ་ལྟར།ཏོག་ཙམ་མ་གཏོགས་རང་ཉིད་འབྲོག་མོ་ཆུང་ཆུང་ཞིག་ཡིན་པའི་སྣང་བ་དྲན་ཡུལ་ནས་རིང་དུ་ཆས་གྲབས་བྱས།

མེ་ཏོག་ཨ་ཞེ་དབྱངས་ཅན་གྱི་ནང་དུ་ཟླ་ཤས་སྡོད་རིང་སྤྱང་དྲུང་གིས་སྐད་རིགས་ལ་བདེ་བླག་གི་ངང་ནས་ཤེས་ཐུབ་པ་བྱུང་ཞིང༌། ཉེ་མཁོའི་ཚོང་རྫས་འདྲ་མིན་བེད་སྤྱོད་བྱེད་སྟངས་དང་དེ་དག་གི་རིན་གོང༌། གཞན་ཡང་ཉེ་མཁོ་རྩིས་རིགས་སོགས་ཅི་དགོས་ཀྱི་ཤེས་རབ་ཀྱི་འདབ་མ་ལྷུག་པོར་གྲོལ་བ་མ་ཟད། གྲོང་ཁྱེར་ནང་གི་མི་ཚོགས་མང་པོས་ཨ་ཞེ་དབྱངས་ཅན་གྱི་ཚོང་ཁང་ཆུང་ཆུང་དེའི་ནང་དུ་གྲོང་ཁྱེར་ནང་ཧ་ཅང་དཀོན་པའི་སྐྲ་ལོ་ལྷས་མ་རྒྱག་ཅིང༌། གཡུ་དང་བྱུ་རུས་རྒྱན་པའི་ནམ་མཁའི་ལྷ་མོ་ལ་འཁྲུལ་བའི་འབྲོག་མོ་མཚར་སྡུག་ལྡན་པ་ཞིག་སླེབས་ཡོད་པ་ཤེས་རྗེས། ཕོ་མོ་དང་རྒན་གཞོན་ཁྱད་མེད་ཚང་མ་ཨ་ཞེ་དབྱངས་ཅན་གྱི་ཚོང་ཁང་ནང་གི་མཚར་སྡུག་འབྲོག་མོ་དེ་ལ་ལྟ་ཞོར་འོང་མཁན་རང་བཞིན་གྱིས་མང་དུ་སོང༌། དེ་ ཡང་འབྲོག་མོ་མེ་ཏོག་ནི་རྟག་ཏུ་ཚོང་ཁང་ཆུང་ཆུང་ཞིག་གི་ནང་དུ་སྡོད་ཀྱིན་ཡོད་ ཀྱང་མཛེས་སྡུག་གི་གྲགས་པ་ཕྱོགས་ཀུན་ཉིན་བཞིན་བསིལ་འཇམ་རླུང་དང་འགྲོགས་ འདྲིས་ཇེ་ཆེར་གྱུར། གྲོང་ ཁྱེར་ནང་དངུལ་དངོས་ལ་སེམས་ཁྲལ་མེད་པའི་ཕྱུག་པོའི་སྲས་སྐུ་ཞབས་རྣམས་ཀྱང་རྟག་ ཏུ་མེ་ཏོག་ཕྱོགས་ཀྱི་ཚོང་ཁང་འགྲམ་དུ་དོན་མེད་ཀྱིས་འཚང་ཁ་ཆེ། མེ་ཏོག་རང་ཉིད་མཛེས་སྡུག་གི་གྲགས་པ་ཡར་ཟླ་བཞིན་རྒྱས་པའི་རྐྱེན་གྱིས་ཚོང་ལམ་ཡང་ཉིན་བཞིན་ཇེ་བཟང་ཇེ་རྒྱས་སུ་གྱུར་ཏེ། ཨ་ ཞེ་དབྱངས་ཅན་གྱིས་ཟླ་མཇུག་དངུལ་རྩིས་བརྒྱབ་རྗེས་ཚོང་གི་དངུལ་འབོར་ལ་ལྡབ་ འགྱུར་ལྟ་བུ་འཕར་ཏེ་ཧ་ལས་དགོས་པའི་དགའ་སྤྲོ་དང་མཛུམ་མདངས་ཀྱི་ཟེར་བརྒྱ་ངོ་ ནས་ཤར། དེ་ རྗེས་རྟག་ཏུ་མེ་ཏོག་གཅིག་པུ་ཚོང་ཁང་ནང་བཞག་ཀྱང་བློ་བདེ་སེམས་ལྷོད་ཀྱི་ཚོར་ བ་ཇེ་བརྟན་དུ་གྱུར།འོན་ཀྱང་མེ་ཏོག་ནི་རྒྱུན་དུ་ཚོང་ལས་ཁོ་ནའི་ཕྱོགས་སུ་མགོ་ འཁོར་བ་ཙམ་ལས་ཚོང་ཁང་ནང་དུ་མི་སྣ་སུ་དང་སུ་འོང་མིན་ལ་དོ་སྣང་དེ་ཙམ་བྱེད་ སྲོལ་མེད།


བཞི་པ། སེམས་ཁོང་ནས་རྡོལ་བའི་ཨ་སྐད།


ཉིན་ ཞིག་གི་དགོང་མོ་ཆུ་ཚོད་བདུན་པ་ཙམ་ལ་མེ་ཏོག་ཚོང་ཁང་སྒོ་བརྒྱབ་ནས་ཁྱིམ་དུ་ ལོག་གྲབས་བྱེད་ཞོར་ཞིག་ལ།ཕར་ཙམ་འགྲོ་ལམ་ཕྱོགས་ཀྱི་གློག་འོད་འོག་ཏུ་མི་ཞིག་ ས་ལ་ནར་མེར་འགྱེལ་ཡོད་པ་མཐོང་བས། མེ་ཏོག་རང་དབང་མེད་པར་མི་དེའི་འགྲམ་དུ་རྒྱུག་ཞོར་རྒན་ལགས། རྒན་ལགས༌༌༌༌༌༌༌། ཁྱེད་རང་ཆི་རེད་སོང་ཞེས་ཚ་འདྲི་ཡང་ཡང་བྱས་ཀྱང༌། ས་ལ་འགྱེལ་བའི་མི་དེས་ཨ་ལན་གང་ཡང་མ་སྟེར་བར་མགོ་བོ་ས་ལ་སྒུར་བཞིན་གནས། མེ་ ཏོག་མི་དེའི་འགྲམ་ལ་བཅར་ནས་ལྟ་དུས་གཞི་ནས་ཁོ་པའི་ལྟོ་བའི་ཕྱོགས་ནས་ཁྲག་དམར་ ཆིལ་ལེར་བཞུད་ཅིང༌།ཁོ་རང་གི་ལག་པས་ལྟོ་བའི་ཕྱོགས་ནས་དམ་པོར་བསྡམས་ཡོད་པ་ མཐོང་བས་མེ་ཏོག་དངངས་འཚབ་ཆེན་པོས་ཁོ་པ་ཡར་སྐྱོར་ཞོར་མུ་མཐུད་དེ་ཁྱེད་རང་ཆི་རེད་སོང་༌༌༌༌༌༌

ཞེས་སླར་ཡང་སྐད་ངག་འདར་བཞིན་ལན་མང་དྲིས་ཀྱང་ཁོས་ཨ་ལན་གང་ཡང་མ་སྤྲད། ཡུད་ཙམ་ནས་མི་དེས་ནུས་ཤུགས་ཡོད་ཚད་ཀྱིས་ག་ལེར་ཡར་ལང་ཐབས་བྱེད་ཀྱི་འདུག་པས། མེ་ཏོག་གིས་ཀྱང་ཤུགས་ཀྱིས་འཐེན་ནའང་ཁོ་པ་ཡང་བསྐྱར་ས་ལ་ཉིལ་ལེར་འགྱེལ། མེ་ཏོག་འཚབ་འཚུབ་དང༌། དངངས་སྐྲག་ཆེན་པོས་ངང་ནས་ལམ་སང་མི་སྐྱོབས་རོགས་གྱིས་དང་

ཞེས་ལམ་ཟུར་ནས་གང་སར་བོས་པས། གོམ་ཞགས་ལྔ་བཅུ་ལྷག་ཙམ་གྱི་ཐོག་བརྩེགས་གར་ཁང་ནས་མི་ཁ་ཤས་ཉེ་ཕྱོགས་སུ་རྒྱུག་བྱུང་བས་མེ་ཏོག་གིས་རྒན་ལགས།མགྱོགས་པོར་སྲོག་སྐྱོབས་དང༌།མི་འདི་ལྟོ་བ་ནས་ཁྲག་འབབ་ཀྱིན་འགྱེལ་གདའ་ཞེས་སྐད་ངག་བསྲིངས་པར། ཕར་ཕྱོགས་ནས་ཕོ་གཞོན་རང་ལོ་ཉི་ཤུ་ལྷག་ཙམ་སོན་པའི་མི་གསུམ་པོའི་ནང་ནས་མགོ་བོའི་སྐྲ་ལོ་སེར་པོ་གནམ་ལ་ཟིང་ཞིང༌། གཟུགས་པོ་སྐམ་ལ་རིད་པའི་ཕོ་སར་དེས་རྒྱག་རིལ་ཅན་གྱི་ཕོ་སར་གཞན་དེ་ལ། གཅེན་པོ། ལྟོས་དང༌། ཁོ་རེད་འདུག་ཅེས་བཤད་སོང་བས། རྒྱག་རིལ་ཧར་པོ་ཆེ་དེས་ཁ་ནང་གི་ཐ་མ་ཁ་མར་ལེན་ཞོར་ཕྱེད་སྒུར་ཙམ་གྱིས་ཁྲག་གིས་ཚོས་པའི་མི་དེ་ལ་ལྟ་ཙམ་ཞིག་བྱས་རྗེས། གཡུག་ཞོགཁོ་ལ་བྲོ་བ་མྱོང་ཙམ་བྱེད་བཅུག་པ་ལས་ཤི་ན་རྙོག་གྲ་ཆེ་རོགས་རེད་

ཅེས་ཟེར། ཁོས་འགྱིང་ཉམས་ངང་ནས་མེ་ཏོག་ལ་ལྟ་ཙམ་བྱས་ཏེ། ཝ་ཡེ། འབྲོག་མོ། མི་འདི་ཁྱོད་རང་གི་སྙིང་སྡུག་རེད་དམ་ཞེས་དྲིས་པར། མེ་ཏོག་ཕྱིར་ཤིག་དང་སྐད་འདར་རྒྱབ་བཞིན། ངས། ངས། ངས་ཁོ་ངོ་ཤེས་ཀྱི་མེད་

ཅེས་ཁ་ཕྱིར་བསྐོར་ཞོར་ལན་བརྒྱབ་ནས་ལོག་གྲབས་བྱས་པར། ཕག་པ་རྒྱག་ལུག་དེས་ལམ་སང་མེ་ཏོག་ཕྲག་པའི་ཕྱོགས་ནས་ཚུར་འཇུས་ཏེ། ཝ་ཡེ། ཁྱོད་གང་དུ་བྲོས་འགྲོ་རྩིས་ཡོད། མི་འདི་སྨན་ཁང་ནང་མ་བསྐྱེལ་ན་ཤི་ས་རེད་དཱ། ཁྱོད་ཀྱིས་འདི་འདྲ་གཡུགས་བཞག་ན་ང་ཚོས་ཁྱོད་རང་ཉེན་རྟོག་ཁང་དུ་རྩིས་སྤྲད་ཀྱི་ཡིན་དཱ་

ཞེས་མེ་ཏོག་ལ་སྡིགས་ར་སྐུལ་བས། མེ་ཏོག་གིས་ལམ་སང་མོས་མཐུན་གྱི་མགོ་བོ་གཡུག་ཙམ་བྱས་པས་མི་དེ་ཚོ་ཁྲེལ་དགོད་ཤོར་བཞིན་སྲང་ལམ་ནས་ཡལ།

མེ་ཏོག་དེ་མ་ཐག་མྱུར་ལམ་དཀྱིལ་དུ་བརྒྱུགས་ཏེ་གླ་འཁོར་ཞིག་གླས་ནས་མི་དེ་ཉེ་ཕྱོགས་ཀྱི་སྨན་ཁང་ཞིག་ནང་བསྐྱལ། མེ་ ཏོག་སྨན་ཁང་དུ་འབྱོར་མ་ཐག་སྨན་པའི་དྲི་བ་ཆ་ཚང་ལན་འདེབས་བྱས་རྗེས་སྨན་པ་ གཡེང་བའི་གོ་སྐབས་ཕྲན་བུ་བསྒུག་སྟེ་བྲེལ་འཚུབ་ཆེན་པོའི་ངང་ནས་རང་ཁྱིམ་དུ་ ལྡོག་པས་ས་ལ་མི་ནོན་པ་ལྟ་བུར་བྲོས། མེ་ ཏོག་གནས་ཚུལ་དེ་དག་གིས་སེམས་ནང་དངངས་སྐྲག་ཧ་ཅང་ཆེན་པོར་གྱུར་ཡོད་ཀྱང་དེ་དག་ ཨ་ཞེ་དབྱངས་ཅན་གྱི་ཉན་བྱེད་དང་འཕྲད་པའི་གོ་སྐབས་ནི་གཏན་ནས་བྲལ།

དེ་ཡང་ཕྱི་ཚུལ་ལ་ཁྲ་ཁྲ་ཟིང་ཟིང་གི་མཛེས་སྡུག་དང་འཁྲུག་ཆ་རབ་ཏུ་ཆེ་ནའང༌། ཉམ་ཆུང་དང་ནུས་མེད་ཀྱི་དམངས་ལ་ཉེན་ཁ་དང་གནོན་ཤུགས་ཆེ་བའི་གྲོང་ཁྱེར་གྱི་འཚོ་བ་ལ། མེ་ ཏོག་གིས་སྔར་ལས་དོ་སྣང་ཆེ་བའི་བསམ་རྣོ་བཏང་ཞིང་གཞི་ནས་སྐྲག་སྣང་དང་ཉེན་ཁ་ ཆེན་པོའི་ཉམས་མྱོང་ལོན་ནས་ཁུ་སིམ་མེར་གནས་པའི་ལྷིང་འཇག་གི་འབྲོག་སྡེ་དང། རྒྱུན་ རིང་ཁ་བྲལ་དུ་གྱུར་པའི་རང་ཉིད་ཀྱི་བརྩེ་ཆེན་ཨ་མྱེ་བག་གྲོའི་བྱམས་བརྩེའི་ འཛུམ་མདངས་དང་ཕན་ཚུན་འགྲོགས་པའི་གྲིབ་གཟུགས་ནམ་ཡང་ཡལ་མེད་སེམས་གཏིང་དུ་ཝ་ ལེར་འཁོར་ཞིང༌། མི་རིང་བར་མེ་ཏོག་གིས་ཨ་ཞེ་དབྱངས་ཅན་ལ་རང་ཉིད་བྱམས་བརྩེ་ལྡན་པའི་ཨ་མྱེ་དྲན་ལུགས་དང༌། གཞན་ཡང་ཡུན་རིང་བྲལ་བའི་རང་གི་ཕ་ཡུལ་དལ་ལུང་འབྲོག་སྡེའི་ཕྱོགས་སུ་ལྟ་ཙམ་བྱེད་པར་འགྲོ་འདོད་ཆེ་བའི་གནས་ལུགས་ནན་གྱིས་བཤད་པས། ཨ་ ཞེ་དབྱངས་ཅན་དེ་མ་ཐག་སྐྱོ་སྣང་ཆེན་པོས་མིག་ཆུ་དབང་མེད་བཞུད་བཞིན་མེ་ཏོག་ ཁྱོད་རང་གྲོང་ཁྱེར་ནང་སླེབས་ནས་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་ཨ་མྱེ་བག་གྲོ་ སྔོན་གྱི་ནད་གཞི་རྙིང་པ་སྐྱར་འཕར་གྱིས་འབྲོག་ཁྱིམ་ནང་གློ་བུར་དུ་འདས་གྲོངས་ སུ་གྱུར་འདུག་ཅེས་གནས་ལུགས་གསལ་པོ་མི་བཤད་མཐུ་མེད་དུ་གྱུར། མེ་ ཏོག་གིས་བསམ་ཡུལ་ལས་འདས་པའི་གཏམ་ངན་དེ་ཐོས་པས་སེམས་ལ་དུག་མཚོན་བསྣུན་པ་ལྟར་ སྐྱོ་གདུང་དྲག་པོས་བཟོད་དཀའ་བའི་སྡུག་བསྔལ་གྱིས་མནར་ཞིང༌། གློ་སྙིང་མཆིན་གསུམ་ནས་མེ་ཆུ་ལུད་པ་ལྟར་གྱུར་ནས་ཨ་མྱེ་༌༌༌༌༌༌༌༌༌༌

ཞེས་ངུ་འབོད་རྒྱུན་རིང་ཤོར། ཨ་ཞེ་དབྱངས་ཅན་གྱིས་མེ་ཏོག སྐུ་ཚེ་རིང༌། མ་ངུ་དང༌། ད་ཆ་ང་རང་གཉིས་ནས་གཙོ་བོ་ཨ་མྱེའི་རྗེས་སུ་འདས་མཆོད་ཡག་པོ་བསྒྲུབ་རྒྱུ་དེ་གལ་ཆེན་པོ་རེད། མི་ ཤི་ཚར་བས་ཁྱོད་ལ་བཤད་ཀྱང་ཕན་པ་མེད་ལ།ངས་གནས་ཚུལ་ཤེས་རྗེས་ཁྱོད་ལ་གསང་ཐབས་ བྱས་པ་ལས་བཤད་མ་ནུས།མ་གཞི་ཨ་མྱེ་གློ་བུར་དུ་ཤི་འདུག་པས་ང་རང་ལའང་བྱ་ཐབས་གང་ ཡང་མི་འདུག ད་ཆ་ང་ཚོའི་འབྲོག་སྡེ་ནས་ཁོ་པ་དུད་སར་བྱ་གཏོར་གྲུབ་ནས་ཡུན་རིང་སོང་ཚར། ཨ་ མྱེའི་ཁ་ཆེམས་ནང་ཁྱོད་རང་སློབ་གྲྭ་ཞིག་ནང་འཛུལ་ཐབས་ཀྱིས་མ་འོངས་པར་བུ་མོ་ ཤེས་ཡོན་དང་འཇོན་ཐང་ཡོད་མཁན་ཞིག་ཆགས་ཏེ་འབྲོག་ཁུལ་དུ་ཕན་ཐོགས་པའི་ལས་ཀ་ཞིག་ བྱེད་དགོས། ང་ཤི་རྗེས་གནས་སྐབས་རིང་འབྲོག་སྡེར་ཕྱིར་མ་འོང༌། གྲོང་ཁྱེར་ནང་སློབ་སྦྱོང་ཡག་པོ་གྱིས་

ཞེས་ཁ་ཆེམས་བཞག་པ་རྣམས་བཤད་པ་དང༌། ད་ དུང་ཨ་ཞེ་དབྱངས་ཅན་གྱིས་ཨ་མྱེ་བག་གྲོས་སེམས་འཚབ་ཆེ་ཤོས་ནི་དངོས་སུ་ད་ཕྲུག་ ལུས་པའི་ཚ་མོ་མེ་ཏོག་ལ་སློབ་སྦྱོང་གི་གོ་སྐབས་ཤིག་སྤྲད་མ་ཐུབ་པ་དེ་ཡིན་ཚུལ་ དང། མེ་ ཏོག་གི་འཚོ་བ་དང་མི་ཚེའི་བདེ་སྐྱིད་ཁོ་ནའི་ཆེད་དུ་ཨ་མྱེས་སྔར་ནས་མེ་ཏོག་ གྲོང་ཁྱེར་དུ་སློབ་སྦྱོང་ལ་བསྐྱལ་ནས་མདུན་ལམ་ཞིག་འོང་བའི་རེ་བ་ཡོད། ང་རང་གློ་ནད་ཇེ་ལོད་དུ་འགྲོ་བཞིན་རྒྱུན་རིང་མི་གནས་པར་ཤེས་ཏེ་སྔ་ས་ནས་ཆར་ གཞི་ཡོད་པའི་ཐོག་མེ་ཏོག་གྲོང་ཁྱེར་ལ་སློབ་སྦྱོང་ཞིག་འོང་བའི་ཆེད་དུ་བཏང་བ་ ཡིན་ལུགས་སོགས་གཅིག་ཀྱང་མ་ལུས་པར་གནས་ཚུལ་གསལ་པོར་བཤད་རྗེས་ཨ་ཞེ་དབྱངས་ཅན་ གྱིས། མེ་ཏོག ང་རང་ཁྱོད་ཀྱི་སྤུན་མཆེད་རྩིས་དང༌།ངས་ཁྱོད་རང་ལ་གང་ཅི་ཐུབ་རོགས་རམ་བྱ་ངེས་ཡིན་

བཅས་བརྩེ་སེམས་ཀྱི་སེམས་ཕྲིན་གསོན་པོ་ངག་སྒོ་ནས་དབང་མེད་དུ་བརྡོལ། ཆགས་བརྟེན་བྲལ་བའི་ཉམ་ཆུང་མེ་ཏོག་ཀྱང་ངུ་སྐད་དང་སྦྲགས་ཨ་ཞེ་དབྱངས་ཅན། ང་རང་ཡིད་ཆེས་ཀྱི་མི་འདུགཨ་མྱེས་ང་གཅིག་པུ་འདི་ལྟར་འཇིག་བརྟེན་སྒང་གཡུགས་ནས་འགྲོ་སྲིད་ཀྱི་མ་རེད་ཅེས་བཤད་གིན་ཨ་ཞེ་དབྱངས་ཅན་ལ་འཐམ་སྟེ་མོ་རང་གཉིས་སླར་ཡང་ངུ་སྒྲ་མཉམ་བསྒྲོགས་ཐེངས་ཤིག་བྱས།


ལྔ་པ། ལས་དབང་གི་སྣེ་ཤེན་ངར་མོ།


ལོ་ཤས་རིང་མེ་ཏོག་གིས་ཉིན་མོར་ཚོང་གཉེར་དང༌། དགོང་ མོ་ཆུ་ཚོད་བདུན་པ་ཙམ་ནས་དགུ་པའི་བར་རྐང་འཁོར་སྐར་མ་ལྔ་དྲུག་ཙམ་འགོར་བའི་ཉེ་ ཕྱོགས་སློབ་གྲྭ་ཆེན་མོ་ཞིག་ནང་སློབ་ཡོན་སྤྲད་དེ་ཉིན་བཞིན་བོད་རྒྱ་དབྱིན་ གསུམ་གྱི་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་བླངས་པས། ཉིན་མཚན་རྟག་ཏུ་སྒོ་གསུམ་ཧུར་བསྐྱེད་དང༌། བྲེལ་ཟིང་གིས་ཉིན་ཞག་དུ་མས་ཟླ་ངོ་རྫོགས་ཤིང༌། ཟླ་གྲངས་བརྩེགས་པའི་ལོ་འཁོར་དུ་མར་བརྟེན་ནས་སྦྱང་པའི་ཡོན་ཏན་འཕེལ་ཐབས་དང༌། ཡུན་ རིང་བརྗེད་དཀའ་བའི་སེམས་གཏིང་གི་སྡུག་བསྔལ་མཐའ་དག་ཞི་ཐབས་ཀྱི་ལས་ལ་ཤུགས་ དྲག་བརྩོན།ལྡོག་ཐབས་བྲལ་བའི་ལོ་ཟླ་རིམ་བཞིན་རྫོགས་པའི་ཉིན་ཞིག་ལ་ཕྱི་རྒྱལ་ བ་དབྱིན་ཇིའི་དགེ་རྒན་གྱིས་ཁོ་པ་རེ་ཞིག་ཕ་ཡུལ་ལ་འགྲོ་དགོས་གྱུར་པས། སློབ་བུ་རྣམས་པས་རྒྱུན་དུ་སོ་སོས་རང་སྦྱོང་ལྷོད་མེད་བྱེད་དགོས་ལུགས་དང༌། ད་ ཐེངས་ཁོང་གི་ཚབ་ཏུ་ཞིབ་འཇུག་སློབ་མ་ཐོན་པའི་དགེ་རྒན་བློ་བཟང་གིས་ཁྱོད་ཅག་ དབྱིན་ཇིའི་དགེ་རྒན་བྱེད་ཀྱི་རེད་ཅེས་རེ་བསྐུལ་བཀོད་སྒྲིག་སོགས་གསུང་བཤད་ གནང་བར། སྐུ་ གཟུགས་རིང་ལ་གྲུང་ཤ་དོད་པའི་བོད་པའི་དྭངས་ལང་དབྱིན་དགེ་བློ་བཟང་ཟེར་བའི་ན་ གཞོན་ཞིག་དབང་མེད་མིག་གི་རྒྱལ་མོའི་མདུན་དུ་ངོ་སྤྲོད་ཀྱི་ལམ་ནས་ཤར། དབྱིན་ དགེ་གསར་པ་བློ་བཟང་གིས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་དང་སྦྲགས་གྲོང་ཁྱེར་ གྱི་མི་རྣམས་རྒྱུན་དུ་རྣམ་གཡེང་ཆེ་ལུགས་དང༌།སོ་སོ་གཞན་དང་མི་འདྲ་བའི་ཉོན་ མོངས་དུག་གསུམ་ལས་རྣམ་པར་རྒྱལ་འདོད་ཡོད་ན་ཤེས་ཡོན་ལ་འབད་འབུངས་ལྷོད་མེད་ བྱེད་དགོས་པའི་ཐབས་ལམ་གནད་བསྐུལ་དང༌།གཞན་ཡང་མི་ཚོགས་སུ་ཀུན་ལས་ཡོངས་སུ་ རྒྱལ་བའི་ཐོག་མེད་སྨྲ་བའི་ངག་གི་འདབ་མ་ལྷུག་པོར་གྲོལ་བའི་གཟི་འོད་ལ་རོལ་ འདོད་ཆེ་ན། ཐོག་མར་ཤེས་ཡོན་གྱི་རྨང་གཞི་ནས་འབད་པ་ལྷོད་མེད་ལ་བརྟེན་ནས་མཐོང་ཐོས་ཀྱི་གོ་རྒྱ་སོགས་ཀུན་གྱི་ཕ་མཐར་སོན་དགོས་པ་ནི་སྨྲོས་མེད་ཁར། ལྷག་ པར་དུ་དྭངས་གཙང་གི་ལྷག་བསམ་ལྡན་ཞིང་གཞན་ཕན་གྱི་བྱ་གཞག་བཟང་པོ་བདེ་བླག་གི་ ངང་ནས་བཞག་ཐུབ་པའི་སེམས་ཀྱི་དམ་བཅའ་གཙང་མ་ནམ་ཡང་འགྱུར་མེད་གསེར་གྱི་རྡོ་ རྗེའི་རང་བཞིན་བརྒྱུད་འཛིན་ལེགས་པར་བྱེད་དགོས་པ་ལས། ཕྱི་རོལ་གྱི་དབང་ཤུགས་དང༌། དཔལ་ འབྱོར་མཁོ་སྒྲུབ་ཀྱིས་རྒྱུ་དངོས་ཟང་ཟིང་ལ་རྩོད་ལེན་གཅིག་པུས་ནང་སེམས་ཀྱི་ བྱམས་དང་སྙིང་རྗེ་སོགས་སྒོ་གསུམ་བཟང་སྤྱོད་ཡོད་ཚད་སྡུག་སེམས་ཁོ་ནར་བསྒྱུར་ འགྲོ་བའི་བསླུ་བྲིད་ལྟ་བུའི་བསམ་ནོར་བསྒྱུར་བཅོས་བཏང་དགོས་ཤིང༌། དེ་དག་ཀྱང་རང་ཉིད་མི་རེ་ངོ་རེའི་ཐོག་ནས་སོ་སོའི་བྱ་སྤྱོད་ལ་གདམས་པ་ནན་པོ་འཛིན་དགོས་ལུགས་སོགས་ཡིན་མདོག་ཁ་པོས་སྔོན་འགྲོའི་གཏམ་བཤད་ཀུན་གྱི་ཡིད་ལ་འཐད་པ་འགའ་བྱས་པས། ལྷན་འཛོམས་སློབ་བུ་ཀུན་གྱིས་ཁོ་པར་དགའ་བསུ་དཔག་མེད་དང་རྒྱུན་དུ་རང་བཞིན་གྱིས་ཁོང་ལ་དགའ་མོས་ཆེན་པོ་གྱུར།

ཕྱི་རྒྱལ་བའི་དབྱིན་དགེ་རང་ཡུལ་དུ་ལོག་པ་ནས་བཟུང་དབྱིན་དགེ་བློ་བཟང་གིས་སློབ་ཕྲུག་རྣམས་ལ་སློབ་སྦྱོང་གི་བློ་སྣ་ལེགས་པར་འཁྲིད་ཅིང༌། ལྷག་པར་དུ་མེ་ཏོག་ལ་དམིགས་བསལ་གྱི་ངང་ནས་སྣེ་འཁྲིད་བྱེད་པའི་གཟུར་དཀའི་ལས་དབང་ལྟ་བུ་ཞིག་ཏུ་རང་བཞིན་དབང་མེད་དུ་གྱུར་ཅིང༌། ཁོ་པས་རྟག་ཏུ་མེ་ཏོག་ནི་སྐྱོན་གྱི་དྲི་མ་ཡོངས་སུ་བྲལ་བའི་པདྨའི་མེ་ཏོག་ཆུང་ཆུང་ཞིག་རེད་ཅེས་ལན་མང་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་ཐོར། མེ་ཏོག་གི་སེམས་ཁོང་ནང་ལའང་དབྱིན་དགེ་བློ་བཟང་གི་གཟུགས་བརྙན་འཆར་སྣང་ཉིན་རེ་བཞིན་ཇེ་མང་ཇེ་གསལ་དུ་འགྲོ་བཞིན་པའི་དུས་མཚུངས། བློ་བཟང་གིས་རང་ཉིད་གང་ནུས་གང་ལྕོགས་མེ་ཏོག་ལ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཟུར་ཁྲིད་དང༌། མེ་ཏོག་རང་ཉིད་ཀྱིས་ཀྱང་ཧུར་བརྩོན་སྔར་ལས་ལྷག་པར་བྱས་སྟབས། ལོ་མཇུག་སློབ་ཡོངས་ནས་སྦྱང་འབྲས་ཧ་ཅང་ལེགས་གྲལ་ཞིག་ཏུ་འབྱུང་གིན་ཡོད་པ་ལྟར། མེ་ཏོག་ནི་རྟག་ཏུ་བཀུར་བར་འོས་པའི་རྒན་བློ་བཟང་ལགས་དང་རྒྱུན་དུ་འགྲོགས་འབྲེལ་ལུས་དང་གྲིབ་མའི་བྱེད་ལས་ཡུན་རིང་འཛིན་ཅིང༌། བློ་བཟང་ཡང་རྟག་ཏུ་མེ་ཏོག་གི་ཤེས་ཡོན་དང་ཚོང་ལས་སོགས་གང་ཅིའི་ཐད་གྲོགས་རམ་དང་འབྲེལ། ལོ་མང་འཚོ་བའི་རྒྱུན་རིང་ནང་ཕན་ཚུན་འབྲལ་ཐམས་མེད་པའི་ཚོར་སྣང་ཟབ་ཅིང་དམ་པོ་ཆགས་པ་ནི་རང་བཞིན་གྱི་ཆོས་ཉིད་ཅིག་རེད།

ཉིན་ ཞག་དང་ལོ་ཟླ་དབང་མེད་དུས་ཀྱི་རང་བཞིན་འཁོར་སྟངས་ཀྱིས་ལྷོད་མེར་ཚེས་པའི་བཅོ་ ལྔ་མཆོད་པའི་ཆོས་མཇལ་འགྲོ་བའི་ནམ་དུས་དགོང་མོ་ཆུ་ཚོད་བདུན་པ་ཙམ་ནས་བློ་བཟང་ གིས་སྔར་རྒྱུན་ལྟར་མེ་ཏོག་ལ་ཁ་པར་བརྒྱུད་ཁོ་པ་གཉིས་གཙུག་ལག་ཁང་དུ་འགྲོ་ དྲུག་འདི་ཕྱི་ཀུན་བདེའི་ཆེད་དུ་མཆོད་པ་དང་སྨོན་ལམ་མི་ཕྱེད་དད་པའི་ཕ་རོལ་ཏུ་ ཕྱིན་པ་ཞིག་བརྒྱག་པར་འགྲོ་རྒྱུར་གྲོས་བྱས། མཚར་ སྡུག་ལྡན་པའི་མེ་ཏོག་གྲོང་ཁྱེར་ནང་སླེབས་ནས་ལོ་ངོ་ཧྲིལ་པོ་ལྔ་ཙམ་རིང་མོ་རང་ གིས་པགས་རྩག་ལུས་ལས་ཕུད་དེ་དེང་རབས་ཀྱི་མཛེས་བཟོའི་ཆས་གོས་གྱོན་པས། རྩ་ རིས་སྨྱུག་མ་ལས་ཀྱང་ལྡེམ་འཁྱུག་ཆེ་བའི་འཇོ་སྒེག་སྐུ་གཟུགས་ཀྱི་འགྱིང་ཉམས་ གསོན་པོ་ཕྱི་རུ་མངོན་གཞིན་རྒྱུ་ཚེ།བདེ་སྐྱིད་གྲོང་ཁྱེར་ནང་ཀུན་གྱི་ཡང་རྩེར་ སོན་པའི་མཛེས་སྡུག་མ་ཞིག་ཆགས་ཡོད་ནའང༌། རྐང་དྲུག་བུང་བའི་མདོག་ལས་གནག་པའི་གནག་སྣུམ་དབུ་སྐྲའི་ལན་བུ་རྣམས་ཞིབ་པར་ལྷས་ཏེ། དེ་དག་ལ་ནོག་མེད་མཚར་དུ་མངར་བའི་བྱུ་རུ་དང་གཡུ་ཆུང་གྲངས་མེད་ཀྱིས་རྒྱན་པའི་གོམས་གཤིས་ལ་རྩ་བ་ནས་འགྱུར་ལྡོག་བྱུང་མེད།

དུས་སྟོན་ག་གེ་མོའི་ཉིན་ཞིག་ལ་བློ་བཟང་གིས་ཨུ་ཚུགས་ནན་པོའི་འོག གྲོང་ཁྱེར་ཟློས་གར་གེ་སར་མཚན་ཚོགས་ཁང་དུ་མེ་ཏོག་གིས་ཕ་ཡུལ་གྱི་འབྲོག་གླུ་ཞིག་བླངས་པས། མི་མང་རྣམས་པས་མེ་ཏོག་ལ་སེམས་གཏིང་ནས་མོས་པའི་དགའ་བསུ་ཤུགས་ཆེན་ཐོབ་ཅིང༌། ལྷག་པར་དུ་བདེ་སྐྱིད་གྲོང་ཁྱེར་གྱི་མི་རྣམས་འཛུམ་རླབས་དབྱར་ཆུའི་ངང་ཚུལ་དང་ལྷན་དུ་འདྲེས། སྐབས་ དེ་ནས་གྲོང་ཁྱེར་གྱི་ལུས་ཕྲ་གཞོན་ནུ་མ་རྣམས་ལ་མ་བསྐུལ་རང་ཤུགས་ཀྱིས་གློ་ བུར་དུ་མི་ཚོགས་དཀྱིལ་གྱི་ཡིད་འཕྲོག་ལྷ་མོ་དེའི་སྐྲའི་ལེན་བུ་ལྟར་སྐྲ་ལྷས་ མ་རྒྱབ་ནས་ལྟག་རྒྱབ་ནས་དཔྱང་པའི་རང་བཞིན་གྱིས་དར་སྲོལ་བྱེད་མཁན་ཇེ་མང་སོང༌། གེ་ སར་མཚན་ཚོགས་ཁང་གི་མགོ་གཙོ་བཀྲ་རྣམ་གྱིས་མེ་ཏོག་འཚོལ་ནས་གེ་སར་མཚན་ཚོགས་ཁང་ དུ་བདུན་གཅིག་ལ་འབྲོག་གླུ་ཐེངས་རེ་བླངས་ན་རྒྱ་སྒོར་ལྔ་བརྒྱ་རེ་སྤྲོད་ རྒྱུའི་གནས་ལུགས་བློ་བཟང་གིས་མོས་མཐུན་བྱུང་རྗེས་མེ་ཏོག་དགའ་སྤྲོ་དཔག་མེད་ ཀྱི་ཐོག་ནས་བདུན་རེའི་འབྲོག་གླུ་ལེན་པར་འགྲོ་རྒྱུའི་བློ་ཐག་བཅད།དེ་ནས་བཟུང་ མེ་ཏོག་བདུན་རེའི་གེ་སར་ཚོགས་ཁང་དུ་གླུ་ལེན་གྱི་གོམ་ཁ་ཡུན་རིང་བསྒྱུར། སྤྱིར་ན་བདེ་སྐྱིད་གྲོང་ཁྱེར་གྱི་ཉེ་ཕྱོགས་སུ་མཚན་ཚོགས་གར་ཁང་གྲགས་ཅན་མང་ པོ་ཡོད་པས། བོད་ཀྱི་གཞས་དང་ཞབས་བྲོའི་ཆུ་བོ་གཅིག་ཏུ་འདུ་སའི་རྒྱ་མཚོ་ལྟ་བུ་ཞིག་ཡིན་ལ། ཡང་ དགོས་གྲོང་ཁྱེར་གྱི་མི་ཚོགས་རྣམས་ཀྱིས་ལྟག་ཏུ་འཁྲུག་ཆ་ཆེ་བའི་གླུ་གཞས་རིགས་ ལ་ཉོབ་སྣང་ཆེན་པོ་ཡོད་པའི་ཁར།དམིགས་བསལ་བོད་རང་ཉིད་ཀྱི་སྒྱུ་རྩལ་དང་ལྡན་ པའི་དབྱངས་དང་འགྱུར་ཁུག་ལྷོད་ཅིང་དལ་བའི་ངང༌།ལོ་ངོ་སྟོང་ཕྲག་ནས་བརྒྱུད་པའི་ མི་རིགས་ཀྱི་རིག་གཞུང་བཟང་པོའི་ཁྱད་ཆོས་ལྡན་པའི་འབབ་རྒྱུན་དང་འདྲ་བའི་ འབྲོག་གླུ་སྙན་མོར་དགའ་མོས་ཤུགས་ཆེན་བྱེད་སྲོལ་ཆགས་པས། གེ་སར་མཚན་ཚོགས་སྦྱིན་བདག་གིས་མེ་ཏོག་ལ་དངུལ་སྒོར་ཆར་པ་འབབ་འབབ་ལྟར་མི་སྤྲོད་མཐུ་མེད་རེད། གེ་སར་མཚན་ཚོགས་ཁང་ལ་རྟག་ཏུ་ཐོག་མའི་དམིགས་ཡུལ་ལས་ཀྱང་སྐུ་མགྲོན་གྱིས་ཚང་ཀ་ཆེས་ཆེ་བར་གྱུར་སྟབས། རྐུབ་ བཀྱག་གྲངས་ཀ་མང་རུ་བཏང་ཡང་མི་མང་པོ་གཡས་གཡོན་གྱི་ཟུར་ལ་ལང་ནས་མེ་ཏོག་གི་ འབྲོག་གླུ་ཉན་པར་བསྒུག་མཁན་མང༌།མཚན་ཚོགས་གར་ཁང་གཞན་དག་གིས་ཀྱང་གེ་སར་མཚན་ ཚོགས་ཁང་བཞིན་འབྲོག་གླུ་ལེན་མཁན་འགའ་གོ་སྒྲིག་བྱས་མོད། མེ་ ཏོག་གི་འབྲོག་གླུའི་སྙན་དབྱངས་དང་འགྱུར་ཁུག་དམིགས་གསལ་རྒྱུན་འབྱར་གྲགས་ཅན་ གྱི་འབྲོག་གླུ་ཞིག་ཏུ་གྱུར་ཏེ་ཚང་མས་གླུ་གཞས་གཞན་ལས་དགའ་ཞེན་ཆེ་བའི་ནུས་པ་ ཐོན།

ལང་ ལ་ཤོར་བའི་གཅེས་ཕྲུག་གི་གཤིས་སྤྱོད་དང་མཚུངས་པའི་ཕྱུག་བདག་དང་ཚོང་དཔོན་དུ་ མས་སྐད་ངག་གིས་སྙན་འགྱུར་ལྡན་པའི་མེ་ཏོག་ལ་དངུལ་སྒོར་གྲངས་མེད་ཀྱིས་མཆོད་པ་ རྫོགས་མེད་ཕུལ་བཞིན་པའི་དུས་མཚུངས།གེ་སར་མཚན་ཚོགས་གར་ཁང་སྦྱིན་བདག་གིས་མེ་ ཏོག་གར་ཁང་གཞན་སར་འགྲོ་བའི་དོག་སེམས་ཀྱི་དྲྭ་བརྒྱ་དམ་དུ་སོང། ཉིན་ ཞིག་གློ་བུར་དུ་གེ་སར་མཚན་ཚོགས་ཀྱི་སྦྱིན་བདག་བཀྲ་རྣམ་གྱིས་མེ་ཏོག་ལ་ཟླ་ རེར་དངུལ་སྒོར་གསུམ་སྟོང་རེ་སྤྲོད་རྒྱུའི་མགྲིན་པའི་དབྱར་རྔ་རང་གྲོལ་བྱེད་ དགོས་ཐུག

རྒྱུན་ དུ་བློ་བཟང་གིས་རོགས་རམ་འོག་མེ་ཏོག་དགའ་མོས་ཆེ་བའི་རྩཱ་ཐང་གི་གླུ་གཞས་སྙན་ མོ་ཁག་རྒྱུན་འཁྱོང་ལེགས་མཐུས་འོང་བའི་རམ་འདེབས་ཀྱིས།ཉེ་ཕྱོགས་རོལ་དབྱངས་ སློབ་ཆེན་ཞིག་ཏུ་གླུ་གཞས་དང་རོལ་དབྱངས་ཀྱི་སྐོར་ཆེད་ལས་ཀྱང་ལོ་གསུམ་ཙམ་ཟུར་ སྦྱང་བྱས་ཏེ་མཐར་མེ་ཏོག་རང་ཉིད་ཀྱིས་གཞས་ཚིག་དང་རོལ་དབྱངས་གསར་རྩོམ་བྱེད་ ཐུབ་པའི་རང་ནུས་ཀྱི་ཤ་ཤེད་རྒྱས། ལོ་ མང་སོང་ཡང་བརྗེད་ཐབས་བྲལ་བའི་དྲིན་ཅན་ཨ་མྱེ་དམ་པའི་ཞལ་ཆེམས་ལྟར་རང་གི་ཕ་ས་ དར་ལུང་འབྲོག་སྡེར་ཕན་པའི་སྒེར་བཙུགས་སློབ་ཆུང་ཞིག་གཟུག་ཐུབ་པའི་དམིགས་ཡུལ་ ཡོད་ཀྱང་མ་དངུལ་གྱི་རྒྱབ་ལྗོངས་སྟོང་བར་བརྟེན། མེ་ཏོག་གི་སེམས་ནང་དཔལ་འབྱོར་འཚོལ་སྒྲུབ་ཀྱི་སྐོར་ལ་བསམ་བློ་འདྲ་མིན་འཁོར་བཞིན་པ་རེད།

དུས་ ཀྱི་གཉེར་མ་རིམ་བཞིན་རྫོགས་པའི་བགྲང་བྱ་ལྔ་དྲུག་ཙམ་གྱི་རིང་མེ་ཏོག་གིས་ཤེས་ ཡོན་ལ་བརྩོན་འགྲུས་ལྷོད་མེད་བྱས་པའི་གྲུབ་འབྲས་ཐོན་ཡོད་པ་དང༌། མོ་རང་ལ་སྒྱུ་རྩལ་ཆེད་ལས་སློབ་ཐོན་ལག་འཁྱེར་ཡང་རག་པ་མ་ཚད། མེ་ ཏོག་རང་ཉིད་ཨ་མྱེའི་ཁ་ཆེམས་སེམས་སུ་བཟུང་ནས་དར་ལུང་ལ་སློབ་གྲྭ་ཞིག་བཙུགས་ པའི་མཐུན་རྐྱེན་གྱི་ཆེད་དུ།སྔོན་གྱི་ཚོང་ལས་རེ་ཞིག་རིང་དུ་བོར་ནས་བློ་བཟང་ དང་མཉམ་དུ་དངུལ་གྱི་འོང་སྒོའི་སླེད་དུ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ནང་ མ་ཁང་ཞིག་གཉེར་རྒྱུ་བྱས། ཁོ་པ་གཉིས་ཀྱིས་ཐོག་མར་མེ་ཏོག་ལ་སྔར་ཨ་ཞེ་དབྱངས་ཅན་གྱིས་གནང་བའི་དངུལ་ཏོག་ཙམ་ཡོད་པའི་ཁར་བློ་བཟང་གི་ཟླ་ཕོག་དང༌། མཚན་ཚོགས་ཁང་ནས་སྤྲད་པའི་གླ་ཆ། དེའི་སྒང་ལ་མ་དངུལ་གཡར་ནས་རང་ཡུལ་དར་ལུང་ཁུལ་ནས་ས་ཞིང་དུམ་ཞིག་ཉོ་རྒྱུའི་གྲ་སྒྲིག་བྱས། ཁོ་ པ་གཉིས་ལ་དཔལ་འབྱོར་གྱི་རྒྱབ་ལྗོངས་རྒྱ་ཆེར་རང་མེད་ཀྱང་ས་ཐག་རིང་བའི་དར་ ལུང་འབྲོག་ཁུལ་དུ་སློབ་གྲྭ་ཞིག་གཙུགས་ཐབས་ཀྱི་རེ་བས་བསུས་ནས་ཉིན་ཞག་དུ་མས་ རི་ཀླུང་མང་པོ་རྒྱབ་ཏུ་བསྐྱུར།དར་ལུང་གི་དམིགས་ཡུལ་བཟང་པོ་འགྲུབ་པའི་ཕྱིར་ ཐོག་མར་ཤང་དང་རྫོང༌།དེ་བཞིན་རིག་སློབ་ཅུས་དང་ས་ཞིང་དོ་དམ་ཁང༌།ཞིང་འབྲོག་ ཅུས་སོགས་རྒྱ་གཞུང་གི་ལས་ཁུངས་མང་པོ་རྡོག་པས་ཕྲེང་རྡོག་བཅད།དར་ལུང་འབྲོག་ སྡེ་ནི་སྔར་བཞིན་ལྷིང་འཇག་ངང་གནས་ཡོད་ཀྱང་མེ་ཏོག་གི་ཕ་གཞིས་རང་ཁྱིམ་གྱི་ ལྷས་ར་དང་སྦྲ་གུར་གྱི་ཤུལ་རྗེས་དག་ཟློག་མེད་འདྲེན་བྱེད་ཀྱི་ལམ་དུ་ཤར་ཚེ། ཨ་མྱེ་དམ་པ་དྲན་ནས་སྐྱོ་གདུང་དུ་མས་མིག་གི་མཆི་མ་འགོག་མེད་ས་གཞིར་རྡོལ་ཞིང༌། ཆུང་ དུས་རྒྱུན་རིང་གི་བྱ་བྱེད་གསོན་པོ་དག་ཕྱིར་དྲན་སྐྱུར་མོས་བཟོད་མེད་སྡུག་ བསྔལ་དྲག་ཏུ་མནར་བཞིན་དབང་མེད་ལུས་ཕུང་ས་སྟེང་དུ་སྒུར་བའི་ངང་ཚུལ་ཡུད་ཙམ་ ཤར། བྱམས་དང་བརྩེ་བས་དབྱར་མཚོ་ལྟར་ཕྱུག་པའི་བློ་བཟང་ནས་ལམ་སང་མེ་ཏོག་ཡར་སྐྱོར་ནས། མེ་ཏོག སྡུག་བསྔལ་འདི་འདྲ་མ་བྱེད་དང༌། གལ་ཏེ་སྟེང་ལྷ་ཡུལ་ན་བཞུགས་པའི་ཨ་མྱེ་དམ་པས་ཁྱོད་རང་སྡུག་བསྔལ་ཆེན་པོ་འདི་འདྲ་བྱེད་པར་མཐོང་ན། དངོས་འབྲེལ་བློ་ཕམ་ཆེན་པོ་བྱེད་ཀྱི་རེད། མེ་ཏོག ད་ངེད་གཉིས་འགྲོ་ན་མ་གཏོགས་ཤེ་མའི་ཕྱུགས་ཟོག་ཉོ་མཁན་རྣམས་སྒུག་སྡོད་ཡོད་ཚོད་རེད་

ཅེས་བཤད། མེ་ཏོག་གིས་མགོ་བོ་ཨ་སྔོན་དབྱིངས་སུ་སྨྱུང་སྨྱུང་ཐེངས་ཤིག་བྱས་ནས།

ཨ་ མྱེ།ངས་ཁྱེད་ཀྱི་ཁ་ཆེམས་ལྟར་ང་ཚོའི་འབྲོག་སྡེའི་བུ་ཕྲུག་ཚོར་ཤེས་ཡོན་སྦྱོང་ པའི་གོ་སྐབས་བསྐྲུན་གྱི་ཡིན།ཨ་མྱེ།ཁྱེད་རང་གིས་ང་ལ་ཡིད་ཆེས་གྱིས་དང་༌༌༌༌༌༌

ཞེས་སོགས་གདུང་བས་རྒྱང་འབོད་བྱས། མཁའ་རླུང་དང་ཁོར་ཡུག་རང་བཞིན་གྱིས་གཙང་བའི་དར་ལུང་འབྲོག་སྡེ་ཆུང་ཆུང་དེའི་ནང་མེ་ཏོག་ངུ་རྒྱང་གི་དབྱངས་རྟ་ཐོག་མེད་མཁའ་དབྱིངས་སུ་ཁྱབ།

ཐུགས་རྗེས་གཟིགས། རྫོང་དཔོན་ལགས། མོ་རང་དར་ལུང་འབྲོག་སྡེའི་ཡུལ་མི་ཡིན་པས། ཁྱེད་རང་གིས་ཡིད་ཆས་བྱོས་དང༌།དེའང་རྫོང་གི་ལས་དོན་ལ་ཕན་པའི་བྱ་གཞག་བཟང་པོ་ཞིག་མ་རེད་དམ།ཁྱེད་ཀྱིས་དགོངས་པ་བཞེས་རོགས་གནང་དང༌༌༌༌༌ཞེས་སྔོན་ཆད་སུ་ཡི་མདུན་ལའང་བྱེད་མྱོང་མེད་པའི་བློ་བཟང་གིས་མགོ་སྒུར་ལུས་དུད་ཀྱི་ངང་ནས་ཞུ་བ་ཡང་ཡང་འཐེན་པར། ཧིན། ག་རེ། ཁྱོད་ཀྱིས་ག་རེ་བཤད་གྱི་ཡོད། ང་ལ་ས་ཆ་ཉོ་ཚོང་ཆོགས་པའི་དབང་ཆ་ཡོད་རེད་དམ། མི་ཁྱད་མཚར་འདི་འདྲ་ཞིག་འདུག དུས་ཚོད་འདི་འདྲའི་ནང་ཁྱེད་རང་ལྷའི་ལག་པ་འདྲ་བྱེད་ནས་ངེད་རྩ་ལ་རེ་བ་རྒྱག་ཕོད་པ་ཨོའུ་ཙི་རེད་དཱ་ཞེས་ཉན་བྱེད་ཀྱི་ལམ་ན་སྒྲ་ཧྲང་ལ་རྩུབ་པོ་མངོན་པ་དེ་ནི་རྫོང་དཔོན་སྔོ་ནག་ཟེར་བས་བློ་བཟང་ལ་ལན་འདེབས་བྱས་པའི་སྐད་གདངས་རེད།

ཕྱོགས་གཞན་ཞིག་ནས་མེ་ཏོག་གི་ངོ་ཤེས་པ་བརྒྱུད་དེ། ཨ་ཞེ་ཚེ་དབྱངས་ཞེས་པར་རྫོང་དཔོན་དང་ལས་དོན་སྐོར་ཇི་དགེའི་སྐད་ཆ་འདྲི་བཞིན་པའི་རྣམ་པ་ཡིན།འོ་དེ་འདྲ་རེད་དྭ།བུ་མོ།ཁྱོད་ཀྱིས་ཨ་ཞེ་ལ་སྙིང་བརྗེ་བསྒོམ་ནས་སྒོར་མོ་འདི་འདྲ་སྤྲད་པ་མ་གཏོགས། རྫོང་དཔོན་ཆེན་པོའི་གསང་བ་དེ་ཚོ་ངའི་ག་པར་བཤད་ཕོད་ཀྱི་རེད་དམ། ད་ཁྱོད་ཀྱིས་ཤེས་སོང་ངམ། འོ༌༌༌༌༌༌༌ ད་ང་འགྲོ་གི་ཡིན། ཁྱི་རྒན་དེ། ཁོ་རང་གི་ཨ་ཅེའི་མི་རིག་སར་རྟག་པར་ངའི་རྩར་འོང་གི་རེད། ཡང་ཁོ་སླེབས་རན་སོང་༌༌༌༌

ཞེས་ཨ་ཞེ་ཚེ་དབྱངས་ཀྱིས་སྡུག་བཤད་བྱེད།

ཨ་ཞེ། ཁྱེད་རང་ཡང་གཟབ་གཟབ་ཀྱི་ངང་ནས་རྙོག་གྲ་མ་ལྷག་པའི་ཐོག གུས་མོའི་དོན་ཆེན་འདིའི་སྐོར་ཡིན་གཅིག་རོགས་རམ་གྱིས་ཨ། ཐུགས་རྗེས་གཟིགས།

ཨ་ཞེ་ཚེ་དབྱངས་ཀྱིས་ཡིན་དང་ཡིན། ཨ་ཞེས་ཁས་ལན་བྱས་རྗེས་བུ་མོ་ཁྱོད་ཀྱིས་ཡིད་ཆེས་གཙང་མ་བྱས་ན་འགྲིག་

སོགས་ཁོ་མོ་གཉིས་ཕན་ཚུན་དོན་ཆེན་གྱི་གཏམ་གླེང་འདི་ནས་མཐའ་བསྡོགས་བྱས།

མེ་ ཏོག་དང་བློ་བཟང་གཉིས་རྫོང་ནང་ཉིན་གྲངས་བདུན་བརྒྱད་ཙམ་འགོར་བའི་རྗེས་ཀྱི་ ཉིན་མོ་ཞིག་ལ།མེ་ཏོག་རྫོང་གི་གནས་ཚུལ་ལྟ་ཞོར་རྫོང་མཐའི་ཞིང་འགྲམ་ཞིག་ན་ཉེ་ སར་ཨ་ཞེ་ཚེ་དབྱངས་དང་འཕྲད་པས།ཨ་ཞེ་ཚེ་དབྱངས་དངངས་སྐྲག་དང་འཚབ་འཚུབ་ཀྱིས་མེ་ ཏོག་ལ་འགྱིག་གི་ཁུག་མ་ཞིག་སྤྲད་དེ་ཁ་བརྡ་སོགས་གང་ཡང་མེད་པར་མགྱོགས་མྱུར་ཁ་ བྲལ་དུ་སོང༌།

ཀློག་པ་པོ་ལགས། འགྱིག་གི་ཁུག་མའི་ནང་ག་རེ་ཡིན་མིན་ཁྱེད་ཀྱིས་ཕལ་ཆེར་ཤེས་གསལ་ཏེ། དེ་ནི་དར་ལུང་འབྲོག་སྡེའི་འབྲོག་ས་རྨིས་གྲུབ་བཞི་མ་བཞི་བརྒྱ་ཐམ་པ་ཚོང་བསྒྱུར་བྱས་པའི་ས་གཞིའི་དཔང་ཡིག་ཡིན། དཔང་ཡིག་དེ་ནི་རྒྱུ་ནོར་ལོངས་སྤྱོད་ལ་ཆགས་སྲེག་མེ་ལྟར་འབར་ཞིང༌། གཡོ་ སྒྱུ་ཁྲམ་གསུམ་གྱིས་བྱང་ཆ་ཝ་ལས་དོད་པ།མགོ་སྐོར་དང་བསླུ་བྲིད་བཏང་བ་ལ་གྲངས་ ཀྱིས་མི་ཆོད་པའི་རྫོང་གི་དཔོན་ངན་དེའི་རང་གཤིས་ཀྱི་འཁྲབ་གཞུང་གསོན་པོའི་ ཟུར་ཞིག་ལས་བྱུང་བ་ཤ་སྟག་ཡིན་པས་ངས་འདི་ན་གསལ་པོ་བཤད་དགོས་པ་མེད། གོང་གི་དོན་ཆེན་གྱི་གནས་ཚུལ་དེ་ནི་ཨ་ཞེ་ཚེ་དབྱངས་རང་ཉིད་ཁྱད་འཕགས་སྒྱུར་རྩལ་གྱི་མཐུ་འོག་ནས་འཁྲུངས་པའི་བྱས་རྗེས་ཁོ་ན་ཞིག་ཡིན་ཡང༌། མེ་ཏོག་གིས་ཨ་ཞེ་ཚེ་དབྱངས་ཀྱི་སྒྱུར་རྩལ་དང༌། དོན་ཆེན་འགྲུབ་པའི་རྫུ་འཕྲུལ་དེའི་སྐོར་རགས་ཙམ་ལས་གནས་ལུགས་ཞིབ་ཕྲ་མ་ཤེས་པས། ཨ་ཞེ་ཚེ་དབྱངས་ནས་མེ་ཏོག་རང་ཉིད་ཀྱིས་བཀའ་དྲིན་ནམ་ཡང་བརྗེད་པར་དཀའ་བའི་རོགས་རམ་བཟང་པོ་ཞིག་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད་དོ།

གཞི་རྒྱ་ཆེ་བའི་ལས་གཞི་འདི་འདྲར་མ་དངུལ་འབོར་ཆེན་ཞིག་དགོས་པ་ནི་སྨྲོས་མེད་ཐོག ད་དུང་ཤང་ནས་འབྲོག་ས་ཚོང་བསྒྱུར་བྱས་པ་ཙམ་གྱིས་མི་འཐུས་ཏེ། རྫོང་དང་ས་ཁུལ། ཞིང་ འབྲོག་ཅུས་སོགས་ལས་ཁུངས་མང་པོའི་ཡིག་ཆ་སྣ་མང་དགོས་པས་མེ་ཏོག་གི་བསམ་ཡུལ་ལས་ འདས་ཤིང༌།ད་དུང་ས་ཁུལ་སྲིད་གཞུང་བཅས་ཁ་ཐག་རིང་བའི་ལས་ཁུངས་དུ་མར་འབྲེལ་བ་ བྱེད་དགོས་པས་ངལ་བའི་ཐེམ་པ་རིམ་བཞིན་བརྒལ་རྒྱུ་ཡོད་ཀྱང༌།དར་ལུང་འབྲོག་སྡེ་ དང་རྫོང་སྲིད་གཞུང་གི་གནས་ཚུལ་འགག་རྩ་ཤར་ཡང༌།ཨ་ཞེ་དབྱངས་ཅན་གྱིས་མེ་ཏོག་དང་ བློ་བཟང་གཉིས་བློ་ཕམ་ནམ་ཡང་མི་དགོས་པའི་རམ་འདེབས་བློས་འཁེལ་འོགདར་ལུང་ནས་ ཅུང་ཙམ་རིང་བའི་གྲོང་ཁྱེར་བྱང་ཕྱོགས་རྒྱའི་ཚོང་ཁང་ཆེན་པོ་ཞིག་ཁོ་པ་གཉིས་ ཀྱིས་ཉོ་ཐུབ་པའི་སྒྱུར་རྩལ་བཀྲམ། ཚོང་ ཁང་དང་ས་ཆ་ཚོང་བསྒྱུར་སྐབས་སུ་སཱང་ཐཱ་ནཱའི་རྟགས་ཅན་གྱི་རླངས་འཁོར་ཆུང་ཆུང་ ཞིག་ཀྱང་མཉམ་དུ་ཉོ་དགོས་བྱུང༌།ཁོ་པ་གཉིས་བསམ་དོན་རིམ་བཞིན་འགྲུབ་པའི་དགའ་ སྤྲོའི་ཉི་མ་ཤར་གྱི་ཡོད་པས།དེ་རིང་སྐྱིད་སྣང་དང་སྤྲོ་སེམས་འཁོར་བཞིན་སྲོང་ བཙན་མགྲོན་ཁང་དུ་རྒྱ་ཟས་བོད་ཐུག་སྣ་མང་མངགས་ནས་ཡིད་སྨོན་གྱི་སྐད་ཆ་ཤོད་གིན་ ལྷོད་པོར་སྡོད་པའི་སྐབས་ཤིག་ན། རྟབ་རྟོབ་པོར་ཁ་གཏད་ཀྱི་ཁང་པ་མཐོན་པོ་དེའི་ཕྱོགས་ནས་བུད་མེད་ཀྱི་ངུ་སྐད་དང༌། ཤེལ་ཕོར་ས་ལ་རྡབ་པའི་སིང་སྒྲ།བར་འཆམ་བྱེད་མཁན་གྱིས་ཞུ་བ་འཐེན་པའི་སྐད་སྒྲ་བཅས་འུར་ཟིང་གིས་ཁེངས་ཤིང༌། ཨ་ཕའི་རོ་འདྲ་ཡིན་འགྲོ། འདུག་ཚོད་མ་ཟིན་ན་ངས་ཁྱོད་རང་འདྲ་པོ་ཤ་རྗེན་གཙབ་ནས་ཁྱི་ལ་སྟེར། ཨ། ག་རེ་བྱེད་རྒྱུ་ཡོད་ན་གྱིས་དང༌། སོགས་ འུར་སྒྲ་རྣ་ལམ་དུ་ཇེ་ཆེ་ཇེ་གསལ་དུ་གྱུར་ཏེ་ཁོ་གཉིས་ཀྱི་སྤྲོ་སྐྱིད་དང་ཞིམ་ མངར་རོ་མཆོག་ལྡན་པའི་ཁ་ཟས་དག་མཉེན་མོའི་རོ་འཛིན་དང་རིང་དུ་བསྐྲད།


སྲོང་བཙན་མགྲོན་ཁང་གི་ཐེམ་སྐེས་མགྱོགས་པར་བབས་ནས་ཕྱི་རུ་དོན་དུས། ཟ་ཁང་གི་ལག་གཡོག་ཕྱི་བརྡར་བ་གཉིས་ཀྱིས་ཤབ་ཤུབ་ཀྱི་ངང་ནས་བྱང་གྲོང་རྡལ་གྱི་བདེ་འཇག་ཅུས་ཀྲང་ཁྱི་རྒན་དེ་རེད་འདུག ག་རེ་བདེ་འཇག་ཅུས་ཀྲང༌། བདེ་འཇག་ཕུང་ཀྲང་བྱས་ན་འཚམ་ཆེ་ཤོས་རེད༌༌༌༌༌ཟེར་བ་ཐོས་པས། མེ་ཏོག་གིས་ཕྱིར་བལྟས་ཀྱིས་ཉན་ཙམ་བྱས་པར་བློ་བཟང་གིས་རླངས་འཁོར་ནས་བོས་པར་ཐོས། ལམ་བར་བློ་བཟང་གས། མེ་ཏོགང་མེད་དུས་ཁྱོད་རང་གང་ཅིའི་ཐད་གཟབ་ནན་བྱེད་དགོས་ཨང༌། གྲོང་ཁྱེར་གྱི་འཚོ་བ་ནི་རྟག་ཏུ་ཉེན་ཁ་ཆེ་བས་ང་ཁྱོད་རང་ལ་སེམས་ཁྲལ་ཆེན་པོ་འདུག་

ཅེས་བསྙད། མེ་ཏོག་ནི་དྭངས་གཙང་ཆུ་གཏེར་དབུས་སུ་དྲི་མེད་འདབ་སྟོང་གསར་པ་ཞལ་ཁ་བཞེད་པ་ལྟར། ལྷད་མེད་བརྩེ་བའི་འཛུམ་མདངས་ལྷམ་མེ་དང་སྦྲགས། ཨུཏ་པལ་འདབ་མ་ལས་ཀྱང་མཉེན་པའི་མཆུ་ཟུང་ལེགས་པར་འཛུམ་གྱིས་ཟུམ་ནས་བློ་བཟང་གི་འགྲམ་པར་འོ་ཞིག་སྦྱིན་ཞོར། ངའི་ནོར་བུ། ངས་དུས་ནམ་ཡང་ཁྱོད་རང་ལ་དཀའ་ངལ་བཟོ་སྲིད་ཀྱི་མ་རེད་ཅེས་ལུས་ངག་ཡིད་གསུམ་འཇམ་པའི་ངག་རླུངས་བརྒྱུད་དམ་བཅའ་ཕུལ། བློ་བཟང་གི་བྱད་བཞིན་དྲི་འཛིན་གྱི་ཕྱོགས་ནས་བློ་ཡིད་ཚིམས་པའི་དན་རྟགས་འཛུམ་མདངས་ཀྱི་རི་མོ་ཤིག་གེར་མངོན་བཞིན། འོ་རེད། མེ་ཏོག འགྲིམ་འགྲུལ་འབབ་ཚུགས་ཕ་གི་ཕྱོགས་སུ་རླངས་འཁྲུས་ཁང་གསར་ཞིག་བརྒྱབ་འདུག ཁྱོད་རང་འཁྲུས་ཤིག་རྒྱོབས་ནས་ཤོག་ཟེར།

དགོང་མོ་ཆུ་ཚོད་བདུན་པ་ཙམ་ལ་མེ་ཏོག་ལུམས་ཁང་ནས་ཕྱི་རུ་དོན་ཏེ་རྒྱ་མོ་ཞབས་ཞུ་བས་གཟུགས་པོར་འཕུར་གཉེར་གཏོང་བཞིན་རྒྱ་མོས། ཨ་ཡཱོ། དཀོན་མཆོག་གིས་ཆེད་དུ་དམིགས་ནས་རབ་དཀར་མུ་ཏིག་གྲངས་མེད་སྲད་བུར་བརྒྱུས་ནས་བྱང་བུ་གཅིག་ཏུ་བསྒྲིགས་པ་ལས་གྲུབ་པའི་མཐོ་རིས་ལྷ་མོ་ལྟར་ ཁྱོད་རང་ནི་འདི་འདྲ་དཀར་ཞིང་མཛེས་སྡུག་རྣམ་པར་བཀྲ་བ་ལ། ས་སྟིང་འདི་ན་ཕོ་སར་སུ་འདྲ་ཞིག་གིས་ཁྱེད་རང་དབང་ན། མི་དེ་སྔོན་ལས་བསོད་ནམས་བཟང་པོ་ཞིག་བསགས་པའི་འབྲས་བཟང་སྨྲིན་པ་རང་རེད་

སོགས་བསྟོད་སྨོན་རྫོགས་མེད་ཅིག་བྱས་པར། མེ་ཏོག་གི་སེམས་ཁོང་འོད་གསལ་མེ་ལོང་གི་དཀྱིལ་ན་བྱམས་བརྩེ་ནམ་ཡང་འགྱུར་མེད། གཟི་བརྗིད་དཔའ་ཉམས་ལྡན་ཞིང༌། བློ་རིག་གི་རྣམ་དཔྱོད་རྒོད་པའི་བློ་བཟང་གི་གཟུགས་བརྙན་ལྷང་ལྷང་དུ་འཆར་བཞིན། འཛུམ་མུལ་མུལ་གྱི་ངང་ནས་ལུགས་སྲོལ་ལྟར་རྒྱ་མོར་སྒོར་ལྔ་བཅུ་གླ་རྔན་སྤྲད་པར། རྒྱ་མོ་དགའ་ཚོར་ཧ་ཅང་ཆེན་པོའི་ཐོག་མཛེས་ལྡན་ལྷ་ཡི་བུ་མོ་ལགས། རྗེས་སུ་ཡང་བསྐྱར་འདིར་ཕེབས་ཤོག་ཨ་ཟེར་ཞོར་མེ་ཏོག་སྒོ་འགྲམ་བར་གོམ་པ་ལྷན་འདེབས་བྱས།

དགའ་སྐྱོ་ཅི་རིགས་དང༌། མི་རབས་དུ་མའི་རེ་མདུན་གྱིས་ཁེངས་ཤིང༌། སུ་ཞིག་བདེ་སྡུག་གི་ཆེད་དུ་འགྱིང་ངེར་ལངས་པའི་རང་ཁྱིམ་དུ་འབྱོར་རྗེས། མེ་ཏོག་གིས་གསར་བསྐྲུན་བྱེད་ལ་ཉེ་བའི་མཚན་ཚོགས་གར་ཁང་གི་ནང་ཆས་བཟོ་བཀོད་སྐོར་གླེང་མགོ་བཙུགས་པར་བློ་བཟང་གིས། དེང་སང་གང་སར་ཕྱི་ལུགས་ཀྱི་བཟོ་བཀོད་དར་གསོ་ཆེན་པོ་འདུག དེ་ལྟར་སོང་ཙང་ངེད་གཉིས་ཀྱིས་ཀྱང་དེ་འདྲ་ཞིག་བཟོ་ན་གཙང་སྦྲ་དང་མཐོང་སྣང་དོད་མདོག་ཆེ་ཟེར། མེ་ཏོག་གིས། མིན། ཁྱོད་རང་ག་རེ་བཤད་ཀྱིན་ཡོད། རང་ཅག་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང༌། དྲི་མེད་གངས་དཀར་ལྷུན་པོ་ལས་ཀྱང་རབ་ཏུ་དཀར་བའི་གངས་ཅན་གདོང་དམར་བོད་ཀྱི་ཆོས་དང་རིག་གཞུང༌། ལྷ་ཡི་རྔ་བོ་ཆེ་དང༌། དྲི་ཟའི་བུ་མོའི་མགྲིན་དབྱངས་ཁྲོལ་བ་ལས་ཀྱང་ཆེས་སྙན་ཞིང་འཇེབས་པའི་ཁ་བ་ཅན་གྱི་གླུ་གར་གྲངས་མེད། ཡིད་ཀྱི་དྭངས་གཙང་སྲིད་པའི་སྒྲོན་མེ་ལྟར་འོད་རབ་འབྱིན་པའི་རྒན་བཀུར་གཞོན་སྐྱོང་གི་གཅེས་སེམས་དང༌། དྲི་ མེད་ཁ་དར་དཀར་པོ་ལས་ཀྱང་དང་བའི་ན་ཟླ་ཕུ་ནུའི་དུངས་སེམས་སོགས་ལེགས་ཚོགས་ ཀྱིས་ཡོངས་སུ་དཀྲིགས་པའི་ང་ཚོའི་ཁ་བ་གངས་ཅན་པའི་ཆགས་ལུགས་རིང་དུ་བོར་ནས། ཕན་ དོན་མེད་པའི་ངལ་བ་བརྒྱ་ཕྲག་བསྟན་ནས་ཕྱི་གླིང་པའི་འཆལ་སྤྱོད་ཡོད་ཚད་རིན་ཆེན་ ནོར་བུ་ལྟར་བལྟས་ནས་སྦྱང་བསྡད་ན་ང་ཚོ་བོད་མི་རིགས་ཟེར་བའི་མིང་གི་ལྷག་མ་ཙམ་ དུ་ཡོད་པ་དེའང་རིང་དུ་འགྲོ་བར་ངེས། རང་རང་སོ་སོའི་རིག་གཞུང་ཡོད་བཞིན་དུ། མིན། ང་ནི་བོད་ལུགས་ལྟར་བཟོ་འདོད་ཡོད། དེ་ཙམ་དུ་མ་ཚད་མཚན་ཚོགས་གར་ཁང་གི་མིང་ལའང་གངས་ཅན་སྤྲོ་སྐྱིད་ཁང་ཞེས་བཏགས་རྒྱུ་ཡིན་

ཞེས་བཤད་པར། བློ་བཟང་ནི། སྤྲིན་བྲལ་ཀུན་གསལ་ངོས་ཀྱི་སྟོན་ཟླ་ཆ་རྫོགས་དུང་ཟླའི་འོད་ཟེར་དང་ལྷན་ཅིག་ཏུ་འདྲེས་པའི་སྒེའུ་ཁུང་འགྲམ་ན། བརྩེ་བའི་རྦ་རླབས་འོ་མཚོ་ལྟར་རྒྱས་པའི་མེ་ཏོག་གི་འཁྲིས་སུ་ལྷོད་མེར་བཅར་ནས། ལག་ཟུང་ཟླ་འོད་ཕོག་པའི་མེ་ཏོག་གི་ཕྲག་གཡས་གཡོན་ཐོག་ནས་ལྷོད་མེར་འཇུས་ཏེ། མགོ་བོ་སྒུར་སྒུར་གྱིས་ནོག་བྲལ་བྱི་རུ་མདོག་ལྟར་དམར་མདངས་དོད་པའི་མེ་ཏོག་གི་དམར་ཆུང་མཛུམ་སྒོའི་འདབ་མར་འོ་ཞིག་བྱ་ཞོར། ཡིན་དང་ཡིན། ངའི་ཡིད་འཕྲོག་ལྷ་མོ། ངའ་སྙིང་སྡུག་གིས་ཅི་ཞིག་བཤད་ཀྱང་དེ་གར་ཆགས་འཇོག་བྱེད་ཀྱི་ཡིན་ཞེས་སོགས་གཏམ་སྙན་དེ་དག་མཚར་དུ་མངར་བའི་སོ་དཀར་གྲངས་མེད་ཀྱི་དབར་ནས་དམར་ལེབ་སྨྲ་བའི་འདབ་མས་རིམ་བཞིན་ཕྱི་རུ་སྤྱུགས། མེ་ཏོག་གིས་སོ་སོའི་བཟའ་ཟླས་སྙིང་ཉེ་བའི་སྐད་ཆ་དེ་ཞིབ་པར་ཉན་བཞིན་ཁུར་མཚོས་ལ་ཡིད་འོང་གི་དམར་མདངས་རྒྱས་ཤིང༌། མིག་ ཟུང་བཀྲག་མདངས་ལྡན་པའི་ཀུ་མུད་ལ་རྟ་ལྗང་ཅན་གྱི་ཟེར་ཕྲན་ཕོག་པ་ལྟར་དལ་བུའི་ ངང་ནས་ཟུམ་སྟེ་ཁོ་མོའི་སེམས་ཁོང་ན་རྒོད་པའི་ཡིད་ཀྱི་འདོད་པའི་མེ་ཆེན་ལ། བྱམས་པའི་དུངས་སེམས་ལས་འཁྲུངས་པའི་བདེ་སྐྱིད་འདོད་རྒུའི་བསིལ་ཆུ་ལོངས་སྤྱོད་བློ་ཡིད་ངོམས་པར་བྲན་ཤང༌། བློ་གྲོས་ཀྱི་རྩལ་ལག་ཡངས་ཤིང་ཟབ་ལ། བྱམས་བརྩེ་གཅེས་སྐྱོང་གི་དྲོད་འཇམ་རྟག་ཏུ་གནས་སའི་དམར་ཆུང་སྙིང་ཁའི་ཕྱོགས་དེར། ཚར་དུ་མངར་བའི་ལེན་བུ་ཅན་གྱི་མགོ་བོ་བསྣུར་ནས་བྱིས་པས་ཕ་མ་ལ་མཉེས་པ་བཞིན་སྤྲོ་སྐྱིད་ཀྱི་མཛུམ་ཀོང་དག་ཀྱང་མྱོས་པའི་བཟི་གདངས་རྒྱས།

གངས་ཅན་སྤྲོ་སྐྱིད་ཁང་བཙུགས་ནས་བཟུང་ཉིན་ལྟར་མགྲོན་པོས་ཁེངས་པ་མ་ཟད། མེ་ཏོག་སྒེར་ངོས་ནས་སོ་སོས་གླུ་ཚིག་བརྩམས་པ་དང༌། མདངས་བཟོ་བ། རོལ་ དབྱངས་དཀྲོལ་བ་བཅས་སློབ་སྦྱོང་བྱེད་ཞོར་ངོ་ཤེས་གྲོགས་མོ་མང་པོས་རོགས་རམ་ འོག་གྱོན་གོས་དང༌།རྒྱན་ཆས་ཕྱུག་པའི་བོད་མི་རིགས་ཀྱི་ཆས་གོས་ཕུན་སུམ་ཚོགས་པ་ དེ་དག་མི་རྣམས་ཀྱི་མིག་སྔར་འཁྲབ་སྟོན་ལམ་ནས་འགྲེམ་སྟོན་བྱེད་པ་སོགས་ཀྱིས་ མེ་ཏོག་ནི་སྙན་པའི་གྲགས་པ་ས་སྟིང་ཀུན་ཏུ་འབར་བའི་གཞས་མ་གྲགས་ཅན་ཞིག་ཏུ་ གྱུར་ཅིང༌། གཞན་ཡང་མེ་ཏོག་གི་མཆོད་པ་དང། དངུལ་སྒོར་གྱི་ཆར་པ་འབབ་བཞིན་པ་ཡིན། སྐབས་དེ་ནས་གྲོང་ཁྱེར་མི་རྣམས་ཀྱིས་མེ་ཏོག་ལ་མེ་ཏོག་ལྷ་མཛེས་ཞེས་གཅེས་མིང་ཞིག་ཀྱང་བཏགས། འོན་ ཀྱང་གདོན་འཁྲུལ་ལྟ་བུའི་མཚན་མོར་ཧམ་སེམས་ཅན་གྱིས་མེ་ཏོག་དང་བློ་བཟང་གཉིས་ ཀྱི་བདེ་སྐྱིད་ཀྱི་འཚོ་བ་ལ་བར་ཆད་ཀྱི་མཆེ་སྡེར་རྐྱོང་བཞིན་པ་རེད།

དྲུག ཉ་གང་ཟླ་བ་ར་ཧུལ་ལ་ཡིས་ཟིན་པ།

གྲོང་ ཁྱེར་བྱང་ཕྱོགས་སྤྱི་བདེ་ལས་ཁང་གི་འགན་འཛིན་ཧུང་ཀུའུ་དང་ཁོའི་རྒྱུག་ཁྱི་ ཞཽའོ་ཆོན་གཉིས་དུ་ནག་གིས་ཁྱབ་ཚར་བའི་སྤྱི་བདེ་འགན་འཛིན་རྒྱུན་ལས་ཁང་དུ་ཤབ་ ཤུབ་ཀྱིས་སྐད་ཆ་བཤད་ཀྱིན་མཚམས་རེར་ཧིས་ཧིས་ཧིས་ཞེས་གད་མོ་ཡང་ཡང་དགོད་ཅིང༌། ཡང་མཚམས་རེར་གཞུང་ལས་ཁང་སྒྲོག་རྩེའི་འོག་གི་སྦིར་རག་ཤེལ་དམ་ཡར་བླངས་ནས་ཁ་ལ་སྦྱར་བཞིན་ཧུབ་འགར་རྔམ་འཐུང་བྱེད་བཞིན།གྲོང་ཁྱེར་འདིའི་ནང་དུ་ངས་མ་རག་པའི་བུ་མོ་ཡོད་མ་རེད་ཅེས་བཤད་བཞིན་ཧུང་ཀུའུ་ཅུའུ་ཀྲང་གདོང་གི་གཉེར་མ་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་བསམ་རྣོ་ཡུན་ཙམ་བཏང་རྗེས་ཁོས་སླར་ཡང༌། འོ་རེད། ཞོའོ་ཆོན། ང་རང་གཉིས་བཟའ་བལྟུང་གིས་ལོངས་སྤྱོད་ཕུན་གསུམ་ཚོགས་པོ་འདི་འདྲ་ནི་རླབས་ཆེན་གུང་ཁྲན་ཏང་གི་བཀའ་དྲིན་རང་རེད། ང་ཚོའི་སྲིད་གཞུང་ནི་རིན་ཆེན་རྫོགས་མཐའ་མེད་པའི་ནོར་བུའི་བང་མཛོད་ཆེན་མོ་ཞིག་རེད། ཝ་ཡེ། ང་རང་མི་ཚེ་གང་པོར་འདི་འདྲའི་ལོངས་སྤྱོད་དང་གོ་སྐབས་སླར་ཡང་འོང་ཐབས་མེད། བྱས་ཙང༌། གོ་ས་དང་དབང་ཆ་གཉིས་འཛོམས་ཀྱི་དུས་འདི་འདྲའི་ནང་སོ་སོ་འགྱོད་པ་མེད་པ་ཞིག་བཟོ་རྒྱུ་ཡིན་དཱ། ང་རང་གཉིས་ཀྱང་མགྲིན་པ་གཅིག་གི་ནང་དུ་དབུགས་མཉམ་གཏོང་བྱེད་ན། འདོད་དོན་མཐའ་དག་ལྷུན་འགྲུབ་ཡོང་ངེས་རེད། གོ་ཨེ་ཐལ།

ཞེས་ཧུང་ཀུའུ་ཅུའུ་ཀྲང་གིས་དེ་ལྟར་བཤད་པས། ཞོའོ་ཆོན་གྱིས་ལགས་རེད། ལགས་རེད། ཁྱོད་རང་མཉེས་སའི་བུ་མོ་དེའི་སྐོར་ཐུགས་ཁྲལ་རྩ་ནས་མི་དགོས་ཨང༌། ཞེས་སོགས་ཁོ་པ་གཉིས་གཡོ་སྒྱུའི་ཇུས་ངན་གཤོམ་བཞིན་གཞུང་ལས་ཀྱི་ཉི་ཟེར་ལ་མོའི་རྒྱབ་ཏུ་བསྐྱལ།

གཟའ་ སྤེན་པའི་དགུང་མོར་ཧུང་ཀུའུ་ཅུའུ་ཀྲང་དང་ཞོ་ཆོན་གཉིས་སྔ་མོ་ནས་གངས་ཅན་སྤྲོ་ སྐྱིད་ཁང་དུ་བསྡད་ས་ལེགས་པོ་ཞིག་བསྡམས་ནས་སྦིར་རག་འཐུང་ཞོར་ཞབས་ཞུ་བ་ཞིག་ལ་ ཁ་བརྡ་འགའ་བྱས་རྗེས་མེ་ཏོག་ཁོ་པ་གཉིས་ཀྱི་འཁྲིས་སུ་བཀུག ཞོ་ཆོན་འཁྱར་འཁྱོར་ངང་ཡར་ལངས་ནས། མེ་ཏོག་ལྷ་མཛེས་ལགས། བཞུགས་དང༌།ཞེས་ཟེར་ཞོར་ཁོ་པས་སྦིར་རག་ཤེལ་ཕོར་སྐེ་རིང་ཞིག་མེ་ཏོག་མདུན་དུ་བཀྱག་གིན། འདི་ནི་ང་ཚོའི་གྲོང་ཁྱེར་བྱང་ཕྱོགས་སྤྱི་བདེ་ཅུས་ཀྱི་ཧུའུ་ཅུའུ་ཀྲང་ལགས་རེད། ཁོང་གིས་འདིའི་ཕྱོགས་ཀྱི་བདེ་འཇག་ཡོངས་རྫོགས་ལ་ཐུགས་འགན་བཞེས་གནང་བ་མ་ཟད། ཁོང་དང་གོང་རིམ་དབུ་ཁྲིད་རྣམས་པ་མཐུན་ལམ་ཧ་ཅང་བཟང་པོ་ཡོད། ལྷག་པར་དུ་ཁྱོད་རང་ཚོ་སྒེར་གཉེར་གྱི་ཁེ་ལས་དང་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད་པའི་བཟོ་ཚོང་ལས་ཁུངས་དང༌། དཔྱ་ཁྲལ་ལས་ཁུངས། འཕྲོད་བསྟེན་དང་གྲོང་ཁྱེར་དོ་དམ་ལས་ཁུངས་སོགས་ལས་ཁུངས་ཡོངས་རྫོགས་དང་འབྲེལ་བ་དམ་ཟབ་ཡོད་པས། ཁྱེད་རང་ལ་དེ་དག་གི་སྐོར་དཀའ་ངལ་ག་རེ་ཡོད་ན་ཁོང་ལ་གསུངས་ཀྱང་གནང་ན་ཁོང་གིས་རོགས་རམ་ཡིད་ཚིམས་པ་གནང་ངེས་རེད། ད་དུང་ཁྱེད་རང་ལ་དུས་ཚོད་ཡོད་ན། ཁོང་དང་འབྲེལ་ལམ་ཡག་པོ་བཟོས་ན་ཁེ་བཟང་ཆེན་པོ་ཡོད། འོ་རེད། སང་ཉིན་དམག་འཛུགས་དུས་ཆེན་ཡིན་པས་གྲོང་ཁྱེར་ཚོགས་ཁང་ཆེན་མོར་ཟློས་གར་ཚོགས་པས་ཞབས་བྲོ་ཡོད་རེད། ཁྱེད་རང་ཕེབས་ན་་་་་༌། ཨོ༌། ང་ཚོ་ཐོག་མར་ངོ་ཤེས་པར་བཀྲིས་བདེ་ལེགས་མཚོན་ཕྱིར་ཚང་མ་མཉེས་རྟགས་རེ་ཡིན་དཱ།

ཁོས་ ཁ་ནས་མཆི་མ་གཏོར་གིན་སྔར་ནས་གྲ་སྒྲིག་བྱས་ཚར་བའི་གཡོ་འཕྲུལ་གྱི་སྙན་ཚིག་དེ་ དག་ངག་སྐྱོར་ཚར་ཡང་མུ་མཐུད་རྫོགས་མཐའ་མེད་པར་བཤད་བཞིན་པར། བློ་བཟང་ཉེ་ཕྱོགས་སུ་འོང་གིན། འོ་ཙི། མེ་ཏོག ཁྱེད་རང་གིས་འཁྲབ་ཚན་གྲ་སྒྲིག་མི་བྱེད་ནས་འདི་ལ་བཤད་རྒྱང་འཐེན་ནས་ག་རེ་བྱེད་ཀྱིན་ཡོད་དམ། ད་མགྱོགས་ཙམ་ཤོག་ཅེས་ཟེར། མེ་ཏོག་ནི་སྐབས་དེར་ཅི་བྱ་རྟོལ་མེད་དུ་ལྷག་ཡོད་པས། བློ་བཟང་གི་སྐད་བརྡ་ཐོས་མ་ཐག་མེ་ཏོག་ལ་མི་འཇིགས་སྲོག་གི་སྐྱབས་སྦྱིན་ཞིག་དང་འཕྲད་པ་ལྟར་མྱུར་བར་ཡར་ལངས་ནས་ལྡིང་ཆའི་རྒྱབ་ཏུ་ཕྱིན། ཧུང་ ཅུའུ་ཀྲང་ནི་དུ་དྲག་གིས་ཚོས་ཚར་བའི་སེར་ནག་བཅོས་མའི་སོ་ཡི་འཛུམ་མདངས་ཕྱི་ རུ་མངོན་ཙམ་གྱིས་སྦིར་རག་བཀྱག་ནས་གདོང་གི་དགའ་བའི་གཉེར་མ་མ་ཡལ་གོང༌། རྟབ་རྟོབ་པོར་མགོ་བོར་ཆུ་འཁྱག་ཅིག་བཤོས་བ་ལྟར་རང་སར་ཙོག་བེར་ལངས་ནས་མེ་ཏོག་གི་རྒྱབ་ལ་ཅེར་ནས་ཐལ།

ཚུལ་དེ་ལྟར་བློ་བཟང་གི་མིག་ལམ་གྱུར་རྗེས་ཉིན་རེ་བཞིན་སེམས་འཚབ་དང༌། སུན་སྣང་གིས་ཡིད་སེམས་རྒྱུན་དུ་བཙིར་ཞིང༌། སྐབས་ དེར་བློ་བཟང་གིས་གལ་ཏེ་གངས་ཅན་སྤྲོ་སྐྱིད་ཁང་འདི་འདྲའི་རྐྱེན་གྱིས་སྒོ་ བརྒྱག་པ་ཡིན་ན་མེ་ཏོག་གི་མདུན་ལམ་དང་འབྲེལ་བ་ཤུགས་ཆེན་ཡོད་པ་མ་ཚད། མེ་ཏོག་གི་རེ་འདུན་ཡང་འགྲུབ་པར་ཧ་ཅང་དཀའ། འོན་ཀྱང་ད་ཆའི་ངན་སེམས་བཅངས་པའི་མི་འདི་བཞིན་རྒྱུན་དུ་འདི་རུ་འཁོར་ན་མུ་མཐུད་རྙོགས་འཛིང་ཇེ་ཆེར་འགྲོ་བར་ངེས་ཤིང༌། གལ་ ཏེ་མི་ངན་འདི་འདྲས་རྐྱེན་གྱིས་རྙོགས་སྒྲ་མི་ལྷག་པའི་གནས་སུ་ཧ་ཅང་བཤད་དཀའ་ བར་གདའ་སྙམ་པའི་བློ་བཟང་གིས་བསམ་བློ་འདྲ་མིན་བསྐོར་བཞིན་པར། མེ་ཏོག་གིས་ངའི་ནོར་བུ། ད་མགྱོགས་ཙམ་གྱིས་དང༌།དེ་རིང་དམག་འཛུགས་དུས་ཆེན་སྲུང་རྩི་ཁང་གི་མི་མང་པོས་སྔ་ས་ནས་སྡོད་ས་མངགས་ཚར་སོང༌། ང་ཚོས་སྔ་ཙམ་ནས་གྲ་སྒྲིག་ཨང་གསར་བྱེད་ན་མ་གཏོགས་

སོགས་བཤད་བཞིན་མེ་ཏོག་འཁྲུས་ཁང་ནས་ཕྱི་རུ་བུད། མལ་ཁྲིའི་སྟེང་དུ་ལྷོད་ལྷོད་སྡོད་པའི་བློ་བཟང་གིས་མེ་ཏོག་མལ་ཁྲིའི་སྟེང་ལ་འཐེན་ཞོར་སྤང་ཁར་འཐམ་ནས་ངའི་སྙིང་སྡུག་མ། ང་རང་གཉིས་ལྷིང་འཇག་གི་འཚོ་བ་ཞིག་ག་དུས་ཡོད་དམ།

ནོར་བུ། དངུལ་གྱི་གྲངས་ཀ་སླེབས་གྲབས་འདུག དར་ལུང་འབྲོག་སྡེའི་འབྲོག་ཕྲུག་ཚོའི་ཆེད་དུ་སྡུག་རུས་ཏོག་ཙམ་རྒྱག་རྒྱུ་རེད། འོ། ངའི་རང་ལ་ཧོན་ཐོར་བའི་གཏམ་བཟང་ཞིག་ཀྱང་བཤད་རྒྱུ་ཡོད། ཡིན་ནའང་ང་འཁྲབ་སྟོན་ནས་ཚུར་སླེབས་རྗེས་བཤད་ཅེས་ཟེར། བློ་བཟང་དགའ་སྤྲོའི་འཛུམ་མདངས་ཁེངས་ཤིང༌། མེ་ཏོག་གི་སྐད་ཆ་དེ་དག་ཉན་རྗེས་ཁོ་གཉིས་མཚན་ཚོགས་ཀྱི་ཞབས་བྲོ་གྲ་སྒྲིག་བྱེད་སར་ཕྱིན།

ཕྱི་ཟླ་༠༨ཚེས་༠༡ཉིན་གུང་ཁྲན་ཏང་གི་དམག་འཛུགས་དུས་ཆེན་ཡིན་པས་དགོང་མོ་གངས་ཅན་སྤྲོ་སྐྱིད་ཁང་དུ་སྔར་བཞིན་མི་ཚོགས་ནག་རོབ་བེར་ཁེངས་ཤིང༌། འདི་ན་ངོ་གདོང་གསར་པའི་མི་སྣ་ཡང་མི་ཉུང་བ་ཞིག་སླེབས་འདུག

གླུ་སྙན་མོ་ངག་གི་འགྱུར་ཁུག་རེད། སེམས་དང་མ་གངས་ཆུ་དལ་འབབ་རེད། ལྷ་བླ་མའི་བཀའ་དྲིན་ཆེ་ལེ་རེད། ངག་མགུལ་གླུ་རྒྱུད་ནས་མཆོད་པ་འབུལ།༌༌༌༌༌༌༌༌༌༌༌ཞེས་ སོགས་ཚོགས་ཁང་དུ་མེ་ཏོག་ལྷ་མཛེས་ཀྱིས་གླུ་དབྱངས་རྒྱུད་ནས་མི་ཚོགས་རྣམས་ལ་ ལུས་སེམས་ལྷོད་ཅིང་དལ་བར་གནས་ཐུབ་པའི་ལྷན་སྐྱེས་ངག་ལ་དྲངས་པའི་གླུ་ཡི་སྙན་ དབྱངས་ཤིག་སྦྱིན་པས། མཚན་ཚོགས་དགའ་སྤྲོའི་སྙན་དབྱངས་ཀྱི་བ་དན་མཐོ་རླབས་སུ་ཕྱུར། འཁྲུག་ ཆ་དོད་པའི་དེང་རབས་ཞབས་བྲོ་ཁག་ནས་འགོ་བཙུགས་བཞིན་པའི་སྐབས་དེར་གློ་བུར་དུ་ ཚོགས་ཁང་གི་ཟུར་ཞིག་ནས་སྦིར་རག་ཤེལ་དམ་གྱང་དང་ས་ལ་བསྡབས་པའི་སིལ་སྒྲ་དང༌། མི་ཁ་ཤེས་ཀྱིས་ངར་སྐད་རྒྱག་ཅིང༌། ཕལ་ཆེར་མི་གྲངས་ཉི་ཤུ་ལྷག་ཙམ་ནས་ཕྱོགས་གཉིས་ཁག་བགོས་ཏེ་མཚོན་ཁྲའི་གློག་འོད་འཚུབ་བཞིན་པའི་འོག ངར་གྲི་འོད་ཆེམ་ཆེམ་གནམ་ལ་འཕྱར་གིན་ཕན་ཚུན་འཛིང་མགོ་ཚུགས། ཚོགས་ཁང་ནང་འུར་ཟིང་དང་སྐད་ཅོར་ཁྱབ་བཞིན་མི་ཚོགས་དབྱར་ཆུ་རྡོལ་བ་ལྟར་ཕྱི་རུ་དོན་གང་ཐུབ་བྱས། མེ་ཏོག་དངངས་ཚབ་ཆེན་པོས་བློ་བཟང་བཙལ་བཞིན་ཞབས་ཞུ་བ་ཞིག་ལ་སྐད་ཤུགས་ཆེན་པོས་བློ་བཟང་ག་བར་འདུག་༌༌༌༌༌༌༌༌༌༌ཅེས་འབོད་པས། སྦྱིན་བདག་ལགས། ཁོང་འཛིང་རེས་བྱེད་བཞིན་པ་དེའི་དཀྱིལ་ན་ལུས་འདུག ངས་ཕྱི་རོལ་དུ་བདེ་འཇག་སྐོར་སྲུང་བ་འབོད་སར་སོང་ཡང་ཚང་མ་བྲོས་ཚར་འདུག ཁ་པར་རྒྱུད་ལམ་ཡང་བཅད་ཚར་འདུག་ཅེས་ཟེར།

ག་རེ་་་་་༌།མེ་ ཏོག་ལམ་སང་འཛིང་རྩོད་བྱེད་བཞིན་པའི་རག་བཟི་འགའ་ཡི་ཟུར་དུ་དབང་མེད་དུ་ རྒྱུགས་ནས་རྐུབ་གཏེགས་ཤིག་གི་འོག་ཏུ་ཟུངས་ཁྲག་དམར་པོས་སྦགས་ཚར་བའི་འཁྲུལ་ མེད་བློ་བཟང་གི་དབྱིབས་གཟུགས་མེ་ཏོག་གི་བལྟ་བའི་གཟུགས་འཛིན་དབང་པོར་གསལ་ ལེར་མངོན་བྱུང་བས། མེ་ཏོག་ཧོན་ཐོར་ཏེ་མགྱོགས་པོར་མི་ཤོག་དང༌། མགྱོགས་པོ་སྤྱི་བདེ་མི་སྣ་སྐད་གཏོང་དང༌། མ་རེད་ ༡༡༠ སྐད་གཏོང༌། མ་རེད་མ་རེད། ༡༡༢ སྐད་གཏོང་དང༌། སྨན་པ་སྐད་གཏོང་དང་༌༌༌༌༌༌༌

སོགས་མེ་ཏོག་གི་སེམས་པ་ལྕགས་སྲེག་གི་སྟེང་དུ་བྱིས་པའི་རྐང་རྗེན་བཞག་པ་ལྟར་འཚུབ་ཤ་དོད་པོས་བཟོད་བྲལ་སྡུག་སྐད་ཆེན་པོ་ཤོར་བཞིན་པར། འཁྲུག་རྩོད་བྱེད་མཁན་ཕྱོགས་གཉིས་ཀའི་ངོས་ནས་འཛིང་མཚམས་བཞག་སྟེ་བློ་བཟང་གི་ཕྱོགས་སུ་ཡ་མཚན་ཆེན་པོས་ངང་ནས་རུབ། ཁོ་ཤི་འདུག་གམ།”“ དེ་ནི་སྐྲ་རིང་བ་དེའི་སྐད་ཆ་རེད།

ཕལ་ཆེར་་་་་༌།”“ཧ་གོ་ས་མི་འདུག༌༌༌༌༌༌”“ཨོ། གཡུག་ཞོག ང་ཚོ་འགྲོ་༌༌༌༌༌༌༌༌

སོགས་སྐད་ཆ་ལྡབ་ལྡིབ་འགའ་སྨྲས་ནས་ཕན་ཚུན་འཐེན་ཙམ་འཐེན་ཙམ་གྱིས་ཕྱི་རུ་བུད། བྱེད་སྟངས་དེ་ནི་བསམ་ཡུལ་ལས་འདས་ཤིང་བརྗོད་མི་ཤེས་པའི་གནས་ཚུལ་ཞིག་རེད།

བསམ་ངན་བྱ་སྤྱོད་རྩུབ་པོ་འགའ་ཤས་ཀྱིས་མེ་ཏོག་གི་གཅེས་པའི་སེམས་ཁམས་དུམ་བུར་བཏང༌། མི་རིང་བའི་རྗེས་སུ་མེ་ཏོག་སྨན་གཡོག་མཉམ་དུ་འཚབ་འཚུབ་ཀྱི་ངང་ནས། འདི་ ཕྱི་གཉིས་ཀྱི་ས་མཚམས་ན་འབྱོར་ཚར་བའི་བློ་བཟང་འདྲུད་འཐེན་མལ་ཁྲི་ཞིག་གི་ སྟེང་དུ་བཞག་ཏེ་མྱུར་སྐྱོབས་སྨན་ཁང་གི་སྒོ་ཆེན་གྱི་ནང་དུ་དྲུད། མེ་ཏོག་གཟུགས་གུད་ཅིང་ལུས་དབང་མེད་འདར་ནས། ངོ་གདོང་མཆི་མས་ཁེངས་ཤིང་ལག་ཟུང་སྙིང་ཁར་ཐལ་མོ་སྦྱར་ཏེ། ཐུགས་རྗེས་གཟིགས། སྨན་པ། ཐུགས་རྗེས་གཟིགས།ཁྱེད་རང་ཚོས་གང་ནུས་བྱེད་ཀྱི་རེད།ཡིན་ནའང༌༌༌༌༌༌༌༌༌༌

མེ་ཏོག་ནི་གསོད་སར་འཁྲིད་པའི་ཉེས་ཅན་པའི་ངང་ཚུལ་བཞིན། ལུས་སེམས་འབྲེལ་བའི་སྲད་བུ་ཆེས་བཟོད་པར་དཀའ་བའི་སྡུག་བསྔལ་དྲག་པོའི་ཚ་རླབས་ཀྱིས་བློ་ཡི་དྲན་དབང་སྲེག་ལ་ཉེ་ཞིང་འཚབ་འཚུབ་ཆེན་པོའི་ངང༌། ཕྱི་ ནད་མྱུར་སྐྱོབས་སྡེ་ཚན་གྱི་སྒོ་འགྲམ་ཕར་འགྲོ་ཚུར་འགྲོ་རེ་སྒུག་གི་དུས་ཚོད་ རིང་མོ་ཞིག་གི་རྗེས་སུ་སྨན་པ་དང་སྨན་གཡོག་རྣམས་རིམ་བཞིན་ཕྱི་རུ་དོན། མེ་ཏོག་དང་རོགས་པ་ཚོས་མགྱོགས་མྱུར་སྨན་པའི་འཁྲིས་སུ་བཅར་ཏེ་བློ་བཟང་གི་གནས་སྟངས་སྐོར་དྲིས་སྐབས། སྨན་པས་དགོངས་པ་མ་འཚོམས། ང་ཚོས་ཐབས་ཤེས་ཡོད་ཚད་བཏོན་ཡོད། འོན་ཀྱང་ཁོང་གི་སྙིང་ཁར་གྲི་ཁག་ཁ་ཤས་ཟུགས་འདུག་ཅེས་ཟེར་བས། སྐད་གཅིག་ཉིད་དུ་མེ་ཏོག་ནི་སྲ་འཁྲེག་ལྕགས་ཀྱི་ཐོ་བ་མགོ་བོར་བསྣུན་པ་ལྟར། སེམས་ཁོང་ན་ས་གཞི་ཡོད་ཚད་སྟིང་འོག་སྒྱུར་བཞིན་དྲན་མེད་དུ་ཉལ་བེར་འགྱེལ། སྨན་པ་ཚོ་བྲེལ་ཟིང་གིས་སླར་ཡང་མེ་ཏོག་སྨྱུར་སྐྱོབས་ཁང་དུ་བསྐྱེལ།

ཟས་ངན་གཅིག་གིས་གཟུགས་གཞི་མགོ་མཇུག་ལྡེག མི་ངན་གཅིག་གིས་ཡུལ་ལུང་ཕུ་མདའ་དཀྲུག་ཟེར་བ་བཞིན། འོད་ སྟོང་འབར་བའི་མེ་ཏོག་གི་མ་འོངས་དམིགས་མདུན་ཡོངས་རྫོགས་མི་ངན་དེ་ཚོའི་བསམ་ ངན་ཕྲ་མོ་ཞིག་ལས་གྲུབ་པའི་འཁྲུག་འཛིང་ཐེངས་གཅིག་གིས་གཏོར་བཅོམ་བཏང་ཞིང༌། ད་ནི་མེ་ཏོག་ལ་རོགས་རམ་བྱེད་མཁན་ནི་ཨ་ཞེ་དབྱངས་ཅན་ཁོ་ན་ལས་མེད། ཨ་ཞེ་དབྱངས་ཅན་གྱིས་རྒྱ་སྒོར་བཞི་བརྒྱ་ཐམ་པ་སྤྲད་ནས་བློ་བཟང་གི་ཕུང་པོ་མེ་སྲེག་ཁང་དུ་བསྐྱལ། སླར་ཡང་ཉི་མ་བཞིའི་རིང་ལའང་དྲན་པ་མ་སོས་པའི་སྨན་ཁང་ནང་མེ་ཏོག་གི་མལ་ཁྲིའི་འཁྲིས་སུ་སྲུང་ནས་བསྡད། ཉིན་ ལྔ་པའི་ཞོགས་པར་གྲོང་ཁྱེར་སྨན་ཁང་ཛ་དྲག་མྱུར་སྐྱོབས་སྡེ་ཚན་ཕྱོགས་ནས་ངུ་ངག་ འདྲེས་མའི་སྨྲེ་ངག་ཤུགས་ཆེན་སྒྲོག་སྟེ་མེ་ཏོག་གི་དྲན་པ་ལུས་ཕུང་སྟེང་དུ་ འཁོར། ཨ་ཞེ་དབྱངས་ཅན་གྱིས་མེ་ཏོག སྡུག་བསྔལ་དེ་འདྲ་མ་བྱེད་དང༌། སྡུག་བསྔལ་ཆེན་པོ་དེ་འདྲ་བྱས་ཀྱང་ཕན་པ་གང་ཡང་ཡོད་མ་རེད། བསམ་བློ་བཟང་སར་གཏོང༌། གཟུགས་ པོ་ལ་གནོད་ཀྱི་རེད།ངེད་གཉིས་ཀྱིས་ངེས་པར་དུ་ལག་དམར་བ་འཛིན་ཐབས་བྱེད་དགོས་པ་ རེད།བློ་བཟང་མི་ཡག་པོ་དེ་འདྲ་ལ་ཁོ་ཚོས་སེམས་གནག་པོ་བྱེད་དགོས་དོན་ག་རེ་ཡིན་ ནམ་

ཞེས་དང༌། སྨན་པས་གྲི་བཙུགས་སྟངས་དེ་ལ་བལྟས་ན། ཆེད་དུ་དམིགས་ནས་བློ་བཟང་བསད་རྩིས་ཡོད་པའི་རྟགས་གསལ་པོ་འདུག༌༌༌༌༌༌ཟེར། ཨ་ཞེ་དབྱངས་ཅན་གྱི་སེམས་ཁོང་དུ་མེ་ཕུང་ལ་རླུང་ཆེན་གཡོས་པ་ལྟར་ཁོང་ཁྲོ་རབ་ཏུ་འབར་བཞིན་ང་རྒྱལ་གྱིས་དེ་ལྟར་བཤད།

ཉིན་ཤས་ཀྱི་རྗེས་སུ་ཨ་ཞེ་དབྱངས་ཅན་གྱིས་མེ་ཏོག་གི་ལག་ནས་བཟུང་སྟེ་གདོང་གི་མཛུམ་མདངས་དང༌། སྐད་ངག་ལྷོད་ཅིང་དལ་བའི་ངང་ནས་སྨན་པས་ཁྱོད་རང་ལ་གཟུགས་པོ་འཁོར་འདུག་ཟེར། ཁྱོད་ རང་རང་ཉིད་ཀྱི་ཕྲུ་གུའི་ཆེད་དུ་ལུས་སེམས་གཉིས་ཀྱི་ཐོག་ནས་ངེས་པར་དུ་བཟོད་ སྒོམ་བྱེད་དགོས་པའི་བསྐུལ་མ་གནད་འཁེལ་བྱས་པས།མེ་ཏོག་ནི་ལུས་སེམས་ཀྱི་ཚོར་བ་ རྒྱང་དུ་ཤོར་ཟིན་པའི་ཉམས་སྣང་གིས་མགོ་བོ་དུད་ཅིང༌།སྐད་ཆ་གང་ཡང་མ་བཤད་པར་ལག་ གཉིས་ཀྱིས་ཉལ་ཆས་དམ་པར་འཛིན་ཞིང་མིག་ཟུང་ས་ལ་ཅེར་ནས་ལྷག


བདུན། རྣམ་ཤེས་ལ་རོགས་ཟླ་སྦྲན་པ།


ཀློག་ པ་པོ་ལགས།འབྲོག་མོ་མེ་ཏོག་ལྷ་མཛེས་ཀྱི་མི་ཚེའི་གནས་ལུགས་ཕལ་ཆེར་འདི་ནས་ མཇུག་སྒྲིལ་དགོས་པ་ལྟ་བུ་ཡིན་རུང༌།སྐབས་འགར་མི་ལ་བཟོད་དཀའ་བའི་སྡུག་བསྔལ་ ཆེན་པོ་ཅི་འདྲ་ཞིག་འཕྲད་ཀྱང༌།དཔའ་སེམས་དང༌།སྙིང་སྟོབས།སེམས་ཀྱི་དམ་བཅའ་ སོགས་སྔར་ལས་ཇེ་སྲ་ཇེ་བརྟན་དུ་འགྱུར་བའི་གནས་ཚུལ་ཡོད་པ་ལྟར།མེ་ཏོག་ལྷ་མཛེས་ མོ་རང་གི་ཚེ་སྲོག་ལའང་རིན་ཐང་བྲལ་བའི་མཐའ་མཇུག་གི་མཛེས་རིས་འགའ་བཀོད་ཡོད་ པས།བདེ་སྐྱིད་གྲོང་ཁྱེར་དུ་ད་ལྟའི་བར་དུ་སྐྱེ་བོ་གཟུར་གནས་བསམ་ཤེས་ཅན་མང་ པོས་སེམས་སྟེང་ནས་དྲན་གསོ་བྱེད་བཞིན་པའི་རྒྱུ་རྐྱེན་གཙོ་བོ་དེའང་ཁོང་མོ་མི་ ཚེ་མཐའ་མཇུག་ཏུ་ཐག་ཆོད་པའི་གནས་ཚུལ་ཞིག་གིས་ཡིན་པས་བཤད་འདོད་སྐྱེས།

བློ་བཟང་གི་གཅེས་པའི་ཚེ་སྲོག་བསམ་སྦྱོར་ངན་པ་གཞན་གྱིས་འཇིག་རྟེན་ཕ་རོལ་དུ་བརྫངས་ནས་ཟླ་ངོ་འཁོར་མིན་ཙམ་ནས། མ་བོས་འགྲོན་པོ་སྒོ་ཁར་འབྱོར་བ་ལྟར་མེ་ཏོག་གི་མངལ་དུ་སྦྲུམ་པའི་ཕྲུ་གུ་བུ་ཞིག་བཙས། ཨ་ཞེ་དབྱངས་ཅན་གྱིས་ཞག་པོ་བཅུ་ཕྲག་གཉིས་ཙམ་ནས་ཕ་དང་ཤི་གསོན་ཁ་བྲལ་དུ་གྱུར་པའི་གཅེས་ཕྲུག་ལ་བལྟ་རྟོགས་ལྷོད་མེད་དུ་བྱེད་བཞིན་ཡོད་ཀྱང༌། ཤི་ནའང་བརྗེད་པར་དཀའ་པའི་མི་གསོད་ལས་བྱུང་བའི་བཟོད་མེད་སེམས་ཀྱི་དཀའ་སྡུག་ནི་ཉིན་རེ་ནས་ཇེ་ཆེརའགྲོ་བཞིན་ཡོད། འོན་ཀྱང༌། ཨ་ཞེ་དབྱངས་ཅན་གྱིས་མི་བསོད་ལག་དམར་བ་དེ་གསོན་པོར་འཛིན་ཐབས་བྱ་རྒྱུ་དང༌། དར་ལུང་འབྲོག་སྡེར་མེ་ཏོག་གི་དམིགས་དོན་བཞིན་སློབ་གྲྭ་ཞིག་བརྒྱག་རྒྱུ་བཅས་ནི་མ་བསྐུལ་རང་གི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཏུ་འཛིན། རང་ལ་ནུས་ཤུགས་གང་ཡོད་ཀྱིས་མེ་ཏོག་ལ་གདོང་གྲོགས་ལྷད་མེད་དང༌། མེ་ཏོག་གི་སེམས་ལ་བརྗོད་མི་ཤེས་པའི་སྙིང་སྟོབས་དང་བསྐུལ་མ་ཆད་མེད་ཀྱི་རམ་འདེད་འོག མེ་ ཏོག་སྡུག་བསྔལ་ཚད་མེད་རྒྱུན་རིང་མནར་ཡང་རིམ་བཞིན་མགོ་བོའི་མཁའ་དབྱིངས་སུ་ གྱེར་བཞིན་སྡུག་བསྔལ་གྱི་འཚོ་བ་དྲག་པོ་གང་འདྲ་ཞིག་མྱོང་དགོས་ཀྱང་བཟོད་ཐབས་ བྱེད་པ་འདི་ནི། མེ་ཏོག་གིས་བློ་བཟང་ཁོ་རང་གཉིས་བརྩེ་དུངས་ཀྱི་ས་བོན་ལས་འཁྲུངས་པའི་གནས་ཚུལ་དག་ཆུད་ཟོས་སུ་མི་འགྲོ་བར་དམིགས་ནས། བསམ་བློ་བག་ཡངས་བཟང་ཕྱོགས་ལ་བསམ་གཞིག་དང་སྡུག་རུས་རྒྱག་གིན་ཡོད།

སྡུག་བསྔལ་མུན་པའི་འཁོར་ལོ་བགྲང་བྱ་གཉིས་ཡས་མས་ཙམ་འཁོར་བའི་རྗེས་སུ། མེ་ཏོག་གི་ཁྱིམ་དུ་ཐག་རིང་དཀར་མཛེས་ནས་ཡིན་ཟེར་བའི་མི་ཞིག་འབྱོར། ཁོ་པས་ཨ་ཞེ་མེ་ཏོག་ལགས། ང་ཚོས་ཁྱིམ་ནས་གཅེན་པོ་བློ་བཟང་གྲོངས་བའི་གནས་ཚུལ་ཐོས་པ་ནས་བཟུང༌། ངའི་ཕ་རྒན་གྱིས་ང་དང༌། སྤུན་གྲོགས་ཤ་ཉེ་གསུམ་འདི་རུ་གསང་བའི་ཆེད་གཏོང་བྱུང༌། ང་ཚོས་ཁྱེད་རང་ལ་ང་ཚོའི་གཅེན་པོའི་ཕྲུ་གུ་ཞིག་ཡོད་པའང་ཤེས་རྟོགས་བྱུང༌། ཁྱོད་རང་སེམས་ནང་དོགས་པ་ཡོད་སའི་མི་དེའི་སྐོར་ང་ཚོས་གསང་བའི་ཐོག་ནས་རྟག་དཔྱད་བྱེད་བཞིན་པ་ཡིན། ཁྱོད་ཀྱིས་ང་ཚོའི་སྐོར་མི་སུ་ཞིག་ལའང་མ་བཤད་རོགས། དེའི་སྐོར་ང་ཚོས་གསང་བ་ནན་པོ་མ་བྱས་པར་ནོར་འཛོལ་འདྲ་བྱུང་ན་དེ་ནས་ང་ཚོ་ཚང་མ་ཚར་སོང་བ་རེད་ཅེས་ཟེར། དེ་ནི་འདས་པོ་བློ་བཟང་གི་བུ་སྤུན་ཡིན་ཟཻར་བའི་སྐེད་པར་དངུལ་གྲི་ཐུང་ཐུང་ཞིག་བཏགས་ཏེ་ཁམས་ཆས་སྤྲས་མཁན་དར་མ་དེའི་སྐད་ཆ་རེད།

དགུན་གྱི་གྲང་ངར་རིམ་གྱིས་ཇེ་ཆེར་འགྲོ་བཞིན་ས་གཞི་ཡོངས་རྫོགས་འཁྱག་རོམ་གྱིས་བསྡམས་པ་མ་ཟད། ཁ་བའི་བུ་ཡུག་འཚུབ་སྟེ་བདེ་སྐྱིད་གྲོང་ཁྱེར་གྱི་གཞུང་ལམ་ཡང་གསལ་ལ་མ་གསལ་བའི་ངོ་གདོང་གཞན་དུ་གྱུར། ཉིན་ཞིག་གི་དགོང་མོ་ཆུ་ཚོད་ལྔ་པ་ཙམ་ལ་བདེ་སྐྱིད་གྲོང་ཁྱེར་བྱང་ཕྱོགས་སྤྱི་བདེ་ལས་ཁུངས་ཀྱི་ཉེ་ཕྱོགས་གཞུང་ལམ་གྱི་ཁུག་ཀྱོག་དེ་ནས། བོད་ ཆས་གཙང་མ་གྱོན་ཞིང་སྐེད་པར་དངུལ་གྲི་འདོགས་མཁན་ཕོ་སར་དར་མ་ཞིག་བྲེལ་འཚུབ་ ཆེ་མདོག་གིས་ལམ་ཟུར་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་པར་དུས་མཚུངས། ཧུང་ ཀུའུ་ཅུའུ་ཀྲང་དགའ་སྤྲོ་ཚད་མེད་ལྟར་འཛུམ་མུལ་ངང་མི་དེ་མཉམ་དུ་རླངས་འཁོར་ ཧཕུང་ཐེའེ་རྟགས་ཅན་ཞིག་གི་ནང་དུ་འཛུལ་ཏེ་གྲོང་མཐའི་ཇག་མ་གླིང་ཁའི་ཕྱོགས་ནས་ གྲིབ་གཟུགས་ཡལ།

དེ་རིང་ནི་མེ་ཏོག་གི་གཅེས་ཕྲུག་རང་ལོ་ཧྲིལ་པོ་གཉིས་འཁོར་བའི་སྐྱེས་སྐར་ཡིན་ཞིང༌། ཞོགས་པར་མེ་ཏོག་གིས་བུ་ཆུང་ལ་འོ་མ་སྟེར་གིན་གཟུགས་མཐོང་གློག་འཕྲིན་སྤར་ནས་གསར་འགྱུར་ལྟ་དུས། ལོ་འདིའི་ནང་ལའང་གངས་ཆར་ཤུགས་དྲག་བབས་པའི་རྐྱེན་གྱིས་གང་སར་གངས་སྐྱོན་གྱིས་གནས་ཚུལ་འདྲ་མིན་འབྱུང་བཞིན་པ་རེད། ལྷག་ པར་དུ་མདང་དགོང་གངས་ཆེན་བབས་དུས་ཤར་བྱང་སྤྱི་བདེ་ཅུས་ཀྱི་ཧུང་ཀུའུ་ཅུའུ་ ཀྲང་ལགས་ཀྱང་རྒྱལ་ཁབ་ཀྱི་ལས་དོན་གྲུབ་པའི་དུས་ལ་ཇག་མ་གླིང་ཁའི་ཕྱོགས་ཀྱི་ ཟམ་པའི་འོག་ཏུ་གྲོངས་པའི་གནས་ཚུལ་ཐོན་འདུག བློ་མཐུན་ཧུང་ཀུའུ་ཅུའུ་ཀྲང་ལགས་ནི་ལྷག་བསམ་རྣམ་དག་གི་གུང་ཁྲན་ཏང་ཡོན་ཞིག་ཡིན་་་་་་

སོགས་རྒྱུད་བསྒྲགས་བྱས། མེ་ཏོག་གིས་སྤང་ཁའི་བུ་ཆུང་བཟུང་ནས་ཡུན་ཙམ་ཀྲོང་ངེར་ལྷག གཅེས་ ཕྲུག་གི་སྐྱེས་སྐར་ཉིན་དྲན་གསོ་དགའ་སྤྲོའི་རྟེན་འབྲེལ་མདོར་བསྡུས་ཙམ་ཞིག་ གྲུབ་པའི་མཚན་མོ་ཆུ་ཚོད་བཅུ་པ་ཡས་མས་ཙམ་ལ་མེ་ཏོག་རྨི་ལམ་གྱིས་སྣ་འདྲེན་བྱས་ པའི་ཕྱི་སྒོ་བརྡུངས་བར་ཐོས། དེ་ལྟར་ཐོས་མ་ཐག་སྔར་ནས་རེ་སྒུག་དང་སེམས་འཚབ་བྱེད་བཞིན་པའི་མེ་ཏོག་མྱུར་དུ་ཧར་ལངས་བྱས་ཏེ་ཕྱི་སྒོ་ཁད་ཀྱིས་ཕྱེས། དེ་ནི་འདས་པོ་བློ་བཟང་གི་ཤ་ཉེ་རེད། ཁོ་གཉིས་ངོ་གདོང་དམར་མདངས་རྒྱས་བཞིན་ཕན་ཚུན་མགོ་བོ་གཡུག་ཙམ་བྱས། མེ་ ཏོག་གི་མིག་སྒོ་ནས་དགའ་སྐྱོ་ཟུང་གི་མཆི་མ་བཞུད་ཀྱིན་དྲོ་སྐྱིད་མལ་སའི་ནང་ གཉིད་ཡུར་ཚར་བའི་གཅེས་ཕྲུག་སྤང་ཁར་བཀྱག་སྟེ་དལ་བུར་ངང་བུ་ཆུང་གི་གདོང་ལ་འོ་ ཞིག་བྱས། དབུགས་ཀྱི་རྒྱུ་བ་ཀུན་ནས་འཁྲུངས་ཤིང༌། མིག་ རྩ་དང་བྱད་བཞིན་ཡོངས་རྫོགས་དམར་པོ་གྱུར་ཚར་བའི་འདས་པོ་བློ་བཟང་གི་ཤ་ཉེ་དེས་ ཀྱང་རང་གི་ཚ་རྒྱུད་བུ་ཆུང་དེ་སྤང་ཁར་ལེན་ཏེ་མིག་ནས་མཆི་མ་ལྷུང་བཞིན་བྲེལ་ འཚུབ་ངང་ནས་ཁ་ཕྱི་རུ་བསྐོར་ནས་བདེ་སྐྱིད་གྲོང་ཁྱེར་གྱི་ལམ་ཆེན་ག་གེ་མོའི་ གསེབ་ནས་བསྒྲིབས།

དེ་ རིང་ནི་འདས་པོ་བློ་བཟང་དམ་པ་མེ་ཏོག་དང་ཤི་གསོན་ཁ་བྲལ་གྱི་ལོ་ངོ་དྲུག་ཏག་ཏག་ འཁོར་བའི་ཉིན་མོ་ཞིག་ཡིན་ཡང་བདེ་སྐྱིད་གྲོང་ཁྱེར་ནང་གི་མི་རྣམས་འདི་ལྟར་མི་ བསད་ཁྲག་སྦྱོར་གྱི་ཟང་ཟིང་ཁོར་ཡུག་ནང་འཚོ་ཡུན་རིང་བས། མི་ སུ་འདྲ་ཞིག་ཡིན་རུང་དེ་ནི་གྲོང་ཁྱེར་འདིའི་ནང་གི་མི་རྣམས་ལ་རྟག་ཏུ་འཕྲད་ བཞིན་པའི་གནས་སྟངས་ཤིག་ལ་ངོས་འཛིན་པ་ལས་ཡ་མཚན་གང་ཡང་སྐྱེ་གི་མེད། འོན་ཀྱང་ངན་རྒུ་ཚང་བའི་བྱང་གྲོང་བརྡལསྤྱི་བདེ་ལས་ཁུངས་ཀྱི་ཧུང་ཀུའུ་ཅུའུ་ཀྲང་ཏང་དང་མི་དམངས་ཀྱི་ཆེད་དུ་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་ཚར་རྗེས། ཁྱི་རྒན་དེའི་གཉའ་གནོན་རྒྱུན་རིང་མྱོང་བའི་མི་མང་ཚོས་ལས་དོན་གྱི་བྲེལ་ཟིང་ནང་རྒྱུ་དགོས་ཀྱང་བར་སེང་གི་དུས་ཚོད་སྐར་ཆ་ཙམ་རག་ཚེ། སེམས་ཀྱི་དགའ་སྤྲོ་སྦས་བཀུམ་བྱེད་ཐབས་མེད་པས་ཧུའུ་ཀུའུ་ཅུའུ་ཀྲང་ཤི་བའི་དགའ་ཚོར་གྱི་གཏམ་བཤད་ཡུན་རིང་བྱེད་བཞིན་པར་སླར་ཡང་གཞས་མ་མེ་ཏོག་ལྷ་མཛེས་ཀྱིས་བྱང་སྤྱི་བདེ་ཅུས་ཀྱི་ཞོའོ་ཆོན་བསད་ཅེས་ཧོན་ཐོར་དགོས་པའི་གནས་ཚུལ་གསལ་བསྒྲགས་ཀྱི་ལམ་ནས་ཀུན་ཏུ་རླུང་ལྟར་ཁྱབ།

གྲོང་ཁྱེར་གང་སར་རྒྱང་གྲག་ནང་མེ་ཏོག་འཛིན་བཟུང་བྱས་པའི་གསར་འགྱུར་ཐོས་རྗེས། བདེ་སྐྱིད་གྲོང་དུ་འབར་རྫས་གས་གཏོར་བྱུང་བའི་ཚོར་སྣང་དང༌། བདེ་ སྐྱིད་གྲོང་ཁྱེར་གྱི་མི་མང་ཡོངས་ཀྱིས་ད་ཆ་ཁྲི་མུན་ནང་ལྷུང་ཚར་བའི་མེ་ཏོག་ལ་ ཁ་ཁོག་གཅིག་མཐུན་ཡིད་སེམས་གཏིང་ནས་སེམས་ཁུར་བྱ་མགོ་ཚུགས།

ཉིན་ཞག་གྲངས་མེད་བརྩེགས་པའི་ལོ་ངོ་དུ་མ་མེ་ཏོག་གི་ཁྱིམ་ཚང་ནང་གནས་ཚུལ་འདྲ་མིན་ལྷག་པས། ཨ་ཞེ་དབྱངས་ཅན་ཡང་བློ་བཟང་གྲོངས་རྗེས་མེ་ཏོག་གི་འཚུབ་ཆ་ཆེ་བའི་བྱུང་བ་དེ་དག་ལ་ཕན་རོགས་གང་ཐུབ་བྱེད་བཞིན་པ་ཡིན་ཡང༌། མེ་ཏོག་ཐོག་མ་དར་ལུང་འབྲོག་སྡེ་ནས་གྲོང་ཁྱེར་དུ་ལྡོག་སྣེ་སྟོན་མཁན་རང་ཉིད་ཡིན་པ་སེམས་སུ་དྲན་ཐེངས་རེ་ལ་འགྱོད་པ་ཚད་མེད་སྐྱེ་བཞིན་ཡོད། ཨ་ཞེ་དབྱངས་ཅན་རྒྱ་ནག་ལ་ཚོང་རྫས་ཉོ་ཞོར་ཞིག་མེ་ཏོག་ཁྲི་མུན་དུ་ཚུད་པའི་གནས་ཚུལ་ཐོས་ཏེ་མགྱོགས་མྱུར་བོད་དུ་ཕྱིར་ལོག་བྱས། བོད་ དུ་འབྱོར་ཉིན་ཞོགས་པ་དེར་ཨ་ཞེ་དབྱངས་ཅན་གྱིས་མེ་ཏོག་སྡོད་ཁང་གི་ཤེལ་སྒོའི་ མདུན་དུ་མེ་ཏོག་གིས་གངས་ཅན་སྤྲོ་སྐྱིད་ཁང་ཚོང་བསྒྱུར་བྱས་ཟིན་པའི་དཔང་ཡིག་ དང་དངུལ་འཛིན་དག་སྤུངས་ཤིང༌། ཁ་ཆེམས་ལྟ་བུའི་འཕྲིན་ཡིག་དེ་དག་སླར་ཡང་ཀློག་ཐེངས་འགའ་དང་འབྲེལ། མིག་ཆུ་བཞུད་ཀྱིན་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གི་སྒོ་ཆེན་ཕྱོགས་སུ་ངོ་གདོང་གཏད།

བརྒྱད་པ། ཁྱི་སྤྱང་གིས་རྨུག་པའི་རྗེས་ཤུལ།

གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ར་ཕྱི་ནང་ཡོངས་རྫོགས་མི་མང་གིས་ཁེངས། གྲོང་ ཁྱེར་ནང་ཁྲིམས་ཁང་ཆེ་འབྲིང་ཆུང་གསུམ་གྱིས་ཉིན་ལྟར་མི་བསད་ཁྲག་སྦྱོར་གི་ཉེས་ དོན་ལ་ལེགས་ཉེས་ཀྱི་དབྱེ་འབྱེད་མེད་པར་གཅིག་རྗེས་གཉིས་མཐུད་ཀྱིས་དྲང་བདེན་ གྱི་མིང་དོན་ནམ་མཁའི་འཇའ་བཞིན་ཡལ་ཏེ་རྒྱུ་ནོར་འབུལ་རྫས་མང་ཉུང་ངང་ནས་དགའ་ ཉེ་ཕྱོགས་ལྷུང་ཤ་སྟག་གི་ཐོག་ནས་ཁྲིམས་ཐག་གཅོད་བཞིན་པ་ཡིན་ནའང༌། མེ་ ཏོག་གི་དོན་རྐྱེན་ལྷག་པ་ནས་བཟུང་ཁྲིམས་གཤེར་བྱེད་པའི་ཉིན་རྟག་པར་སྔོན་རོལ་ དུ་བྱུང་མ་མྱོང་བའི་མི་མང་ཚད་ལས་བརྒལ་བ་མང་པོ་མཉམ་འཛོམས་ཐུབ་པ་ནི་ཁྲིམས་ཁང་ འདིའི་སྒོ་ཁར་ཐེངས་དང་པོ་ཡིན་པར་བརྟེན། སྲིད་གཞུང་གིས་ཀྱང་ཁྲིམས་རའི་ཉེ་འཁོར་དུ་དྲག་ཆས་དམག་མང་པོ་ཁ་བསྣོན་བརྒྱབ་ཡོད་པ་རེད། འོན་ ཀྱང་གྲོང་ཁྱེར་གྱི་མི་དམངས་རྣམས་ཀྱིས་ཕྱི་ཚུལ་གྱི་འགྱུར་ལྡོག་དེ་དག་ལ་དོ་ སྣང་ཙམ་ཡང་མ་བྱས་པར་གཅིག་རྗེས་གཉིས་མཐུད་ཀྱིས་ཁྲིམས་རར་འཛུལ། ཁྲིམས་ར་ནི་མི་གྲངས་སྟོང་ཕྲག་ཁ་ཤེས་ཤོང་བའི་ཚོགས་ཁང་ཆེན་པོ་ཞིག་ཡིན་ནའང༌། དེའི་ནང་དུ་མི་ཚོགས་ཀྱིས་དབུགས་ཀྱང་ཐར་དཀའ་བ་ལྟ་བུར་འཚང༌། ཁྲིམས་དཔོན་རྒྱག་ལུག་དེས་མིད་པའི་གྲེ་ལམ་གསང་ཙམ་གྱིས་ཉེས་ཅན་པ་མེ་ཏོག མིང་གཞན་མེ་ཏོག་ལྷ་མཛེས། དེ་ནི་མོ་རང་གཞས་མའི་མིང་ཡིན། མོ། འདི་ལོར་རང་ལོ་ ༢༨ ཡིན། སྐྱེས་ཡུལ་བྱང་ཐང་དར་ལུང་འབྲོག་སྡེ། གྲོང་ཁྱེར་ནང་སྡོད་ཆོག་པའི་ལག་འཁྱེར་མེད་པར་ལོ་ངོ་བཅུ་གཉིས་ཙམ་བདེ་སྐྱིད་གྲོང་ཁྱཻར་ནང་མཚན་ཚོགས་གར་ཁང་སོགས་གཉེར་ནས་བསྡད། གཉེན་སྒྲིག་ལག་འཁྱེར་མེད་པའི་ཐོག་ནས་དགེ་འོས་སློབ་གྲྭའི་དགེ་རྒན་བློ་བཟང་དང་ཁྲིམས་འགལ་གྱིས་འཚོ་བ་མཉམ་སྤྱད་བྱས། བློ་བཟང་རྗེས་སུ་གངས་ཅན་སྤྲོ་སྐྱིད་ཁང་དུ་རག་བཟི་ཁ་ཤས་ཀྱིས་གྲི་བཙུགས་ནས་བསད། ཁོ་གཉིས་ལ་ཕྲུ་གུ་ཞིག་བྱུང་ཡང་ཤི་ཚར་བ་ཡིན་བཟོ་འདུག མེ་ཏོག་ལྷ་མཛེས་ནས་གྲོང་ཁྱཻར་སྤྱི་བདེ་ལས་ཁུངས་ཀྱི་ལས་བྱེད་ཞའོ་ཆོན་ལྐོག་བསད་བཏང་བའི་ཉེས་དོན་གསལ་པོ་ཆགས་ཡོད། གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་འདི་ཟླའི་ཚེས་ ༠༨ ཉིན་ཉེས་ཅན་པ་མེ་ཏོག་ལྷ་མཛེས་དངོས་སུ་འཛིན་བཟུང་བྱས།ཁྲིམས་དཔོན་རྒྱག་ལུག་ཀྱིས་བསྒྲགས་གཏམ་ཀློག་ནས་ཡུན་ཙམ་མཚམས་འཇོག་བྱས་པའི་བར་གསེང་ན་ཁྲིམས་རར་མི་མང་འདུ་ལོང་གིས་ཆུ་ཁོལ་བ་ལྟ་བུ་གྱུར།

མི་རྣམས་ཀྱི་ཤབ་ཤུབ་ངང་སྙིང་བརྗེ། མེ་ཏོག་འུ་ཐུགས་པ་ཡིན་ཚོད་རེད།ཁྱི་རྒན་དེ་ཚོ་ལའང་ལས་རྒྱུ་འབྲས་འཁོར་བའི་དུས་ཤིག་བྱུང༌།ད་ཚར་སོང༌། མེ་ཏོག་དམར་བསད་བཏང་རྒྱུ་ཉག་གཅིག་རེད་སོགས་འདྲ་མིན་ལབ་གླེང་བྱེད་བཞིན་པའི་སྐབས། སྔར་ ནས་སྒུར་སྒུར་བྱས་པའི་མེ་ཏོག་གིས་གནམ་ལ་ཟིང་པའི་སྐྲ་ལོ་བྱུག་ཙམ་བྱས་རྗེས་ མགོ་བོ་དལ་བུར་ངང་ཡར་བཀྱག་ནས་ཁྲིམས་དཔོན་ཕྱོགས་ལ་སྐད་སངས་མཐོན་པོས། བདེ་སྐྱིད་གྲོང་ཁྱེར་གྱི་གཞས་མ་མེ་ཏོག་ལྷ་མཛེས་ནི་འདིར་འཁོད་མི་མང་རྣམས་ཀྱིས་བརྒྱ་སྡེའི་རྒྱས་གསལ་རེད། མི་རྣམས་ཀྱིས་ལྷ་ཡུལ་ལ་ངོས་འཛིན་བྱས་པའི་བདེ་སྐྱིད་གྲོང་ཁྱེར་ནང་ངས་ལོ་མང་རིང་དཀའ་སྤྱད་འབད་བརྩོན་བྱས་པ་ཡིན། ཁྱོད་ཚོ་ཚང་མས་ངའི་དཀའ་སྡུག་མྱོང་བའི་བྱུང་འབྲས་འདི་དག་དང༌། གཞས་མ་མེ་ཏོག་ལྷ་མཛེས་ཀྱི་མི་ཚེ་ལ་བསམ་གཞིགས་རེ་བྱེད་རྒྱུའི་རེ་བ་ཡོད། བློ་བཟང་ནི་ངའི་དཀྲུས་ཀྱང་མི་དག་པའི་བཟའ་ཚང་ངོ་མ་ཡིན། ངས་ཐོག་མའི་མུན་ནག་གི་བདེ་སྐྱིད་གྲོང་ཁྱེར་ནང་ཡོད་མ་མྱོང་བའི་དྭངས་གཙང་གི་བརྩེ་དུངས་དེ་ཁོང་ལ་ཕུལ་ཡོད། ངེད་གཉིས་ལ་བརྩེ་དུངས་ཀྱི་འབྲས་བུ་ཞིག་ཀྱང་བྱུང༌། འོན་ཀྱང་ངས་དེ་རིང་བཤད་འདོད་པ་དེ་ནི་ངའི་བྱུང་བ་སྐོར་མིན་ཞིང༌། དེང་རབས་ཅན་མུན་ནག་གི་བདེ་སྐྱིད་གྲོང་ཁྱེར་གྱི་གནས་སྟངས་སྐོར་ཡིན། ངས་བྱང་སྤྱི་བདེ་ལས་ཁུངས་ཀྱི་གདོན་འདྲེ་མང་པོ་ནང་གི་ཁྲམ་པ་ཞའོ་ཆོན་ཁོ་བསད་པ་ཡིན། དེའི་སྐོར་ལའང་མི་མང་རྣམས་ཀྱིས་སེམས་ནང་ཤེས་གསལ་ཡིན་པ་ལྟར། གནམ་འོག་མུན་ནག་གིས་སྒྲིབ་ཚར་བའི་ཁྱི་སྤྱང་གི་འདུས་ར་འདི་ནས་ངས་མི་བསད་པའི་ནག་ཉེས་ལ་དག་གསལ་ཡོང་བའི་རེ་བ་གང་ཡང་མེད། སྲིད་གཞུང་གིས་སྔར་ནས་བདེ་སྐྱིད་གྲོང་ཁྱེར་ནང་དར་རྒྱས་དང་ཡར་ཐོན་སོགས་ཡོད་པར་འུར་སྒྲོག་བྱེད་བཞིན་པ་དེ་རེད། དོན་དངོས་དེང་རབས་ཅན་གྱི་གྲོང་ཁྱེར་ཟེར་བ་འདི་གཡོ་སྒྱུ་དང་བསླུ་བྲིད། གདུག་རྩུབ་དང་མགོ་བསྐོར། མི་གསོད་ཁྲག་སྦྱོར་སོགས་ངན་རྒུ་ཚང་བའི་མུན་ནག་གི་འཇིག་བརྟེན་ངོ་མ་ཞིག་རེད། མི་སེམས་ལ་མཛེས་ཆོས་སྤུ་ཙམ་མེད་པར་ཡར་རྒྱས་ག་རེ་ཡིན་ནམ། ཧམ་སེམས་ཀྱི་ངན་གཤིས་དར་རྒྱས་འགྲོ་བཞིན་མི་ཡི་རིན་ཐང་ཡོངས་རྫོགས་རྡོག་རོལ་དུ་བཏང་བའི་མུན་ནག་གི་གྲོང་ཁྱེར། འདོད་ཆགས་དང་ཞེ་སྡང་གིས་བཅིངས་ཚར་བའི་ཁྲག་རྣག་གི་རྒྱ་མཚོ། ད་ དུང་ཁྱི་རྒན་ཁྱོད་འདྲ་བ་མི་དམངས་ཀྱི་ཁྲག་དང་མཆི་མས་རྒུན་ཆང་བཙོས་ནས་སྨྱོ་ ཧམ་གྱིས་གཞིབ་མཁན་གསོན་འདྲེའི་འོག་ནས་ང་མེ་ཏོག་ལྷ་མཛེས་དང༌། ང་ཡི་བཟའ་ཟླ་བློ་བཟང་སོགས་ཉམས་ཆུང་མི་དམངས་རྣམས་ཀྱི་ནག་ཉེས་དག་གསལ་ཡོང་བའི་རེ་བ་སྤུ་ཙམ་མེད། ཁྱི་རྒན་ཁྱོད་ཚོས་ཉོན་ཅིག་ དེ་ནས་མེ་ཏོག་ནི་ཚོར་བ་དང༌། སྐད་ ཤུགས་ཇེ་ཆེར་ངང་ཁྲིམས་དཔོན་རྒྱག་ལུག་ལ་སྡིགས་མཛུབ་བཙུགས་ནས་ཁོ་པའི་ནག་ཉེས་ ཐེར་འདོན་བྱེད་འགོ་ཚུགས།ཡང་མེ་ཏོག་ཤིང་ར་ཆུང་ཆུང་ནས་ཕྱི་རུ་ཤོར་ཏེ་ཁྲིམས་ དཔོན་དང་ཟིན་བྲིས་རྒྱབ་མཁན་གཉིས་ཀྱི་མདུན་ནས་ཤེལ་ཕོར་བླངས་ཏེ་ཁྲིམས་དཔོན་ གྱི་གདོང་ལ་ཤུགས་ཀྱིས་བཞུས་པས་ཁྲིམས་དཔོན་གྱི་དཔྲལ་བར་མཚལ་གྱི་རང་མདོག་ལྟར་ ཁྲག་དམར་ཆིར་ལེར་ཁྲོ་གཉེར་འདུས་པའི་ངོ་གདོང་གི་ཕྱོགས་སུ་ཐུར་དུ་བཞུད། ཁྲིམས་དཔོན་གྱིས་ཟུར་གཉིས་ལ་མགོ་བོ་འཐོམ་ནས་ལང་པའི་དྲག་དམག་དེ་དག་ལ་མོ་བཟུང་ཞིག མོ་བསོད་ཅིག ཨ་ ཕའི་རོ་འདྲ་ཡིན་འགྲོ་ཎཎཞེས་རྒྱང་གྲགས་ནས་ཅི་བཤད་ཆ་མི་ཚོར་བའི་སྤྱང་ཀི་ངུ་ ཟུག་བྱེད་པ་ལྟར་བྱས།ཁོ་པའི་སྐད་ངན་གྱིས་དམག་མི་དེ་དག་འཐོམ་སངས་ནས་མེ་ཏོག་ སར་མགྱོགས་མྱུར་དུ་རུབ་ཅིང༌། མེ་ཏོག་གི་ལག་གཉིས་རྒྱབ་ཏུ་དམ་པོར་བཀྱིགས་ཤིང་ཁ་ནང་རས་འཛར་ཞིག་བརྫངས་ཏེ། སྐད་ ཅིག་དེ་ཉིད་ལ་ཁྱི་སྤྱང་ཤ་ལ་རྔམ་པ་ལྟར་མེ་ཏོག་གི་གཟུགས་ཕུང་ལ་རུབ་ནས་རྡུང་ རྡེག་མནར་གཅོད་ཚད་མེད་བཏང་ནས་ཤི་གསོན་ཆ་མེད་ཁྲིམས་རའི་ཕྱི་རོལ་དུ་དྲུད། མི་མང་རྣམས་མིག་ནང་མཆི་མ་བཞུད་ཀྱིན་རིམ་བཞིན་ཁྲིམས་རའི་ཕྱི་རུ་དོན། ཁྲིམས་དཔོན་རྒྱག་ལུག་གིས་ལག་གཡས་པས་ཁ་རས་དཀར་པོ་ཞིག་གིས་དཔྲལ་བའི་རྨ་ཁ་གནོན་བཞིན་རྐུབ་བཏེགས་ཐོག་བསྡད་དེ་སྐད་གསང་ཙམ་གྱིས་སླར་ཡང་ང་ཚོའི་འབྲིང་རིམ་ཁྲིམས་ཁང་ནས་རྒྱུན་རིང་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན། མི་གསོད་ལག་དམར་བ་གཞས་མ་མེ་ཏོག་ལྷ་མཛེས་འཛིན་བཟུང་བྱེད་ཐུབ་པ་བྱུང་བ་དང༌། ད་ཆ་རྟག་དཔྱད་དང་ཞིབ་འཇུག་ཐེངས་མང་བྱས་པར་བརྒྱུད་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་ཉེས་ཅན་པ་མེ་ཏོག་ལྷ་མཛེས་ལོ་གཉིས་ཀྱི་རྗེས་སུ་ཟླ་བ་ ༡༢ ཚེས་ ༠༦ ཉིན་སྲོག་ཁྲིམས་བཅད་རྒྱུ་ཡིན། མེ་ཏོག་ལྷ་མཛེས་ནས་ཡང་བསྐྱར་གོང་རིམ་ལ་ཞུ་བཏུག་བྱེད་པའི་དབང་ཆ་མེད། དེ་རིང་ནས་ངེད་ཁྲིམས་ཁང་གིས་དོ་དམ་ནན་པོ་བྱེད་དགོས་སོགས་ཁོས་སྙིང་པོ་མེད་པའི་བསྒྲགས་གཏམ་ཁག་མུ་མཐུད་ནས་སྐྱར་བཀླགས་བྱས།

མེ་ཏོག་སྲོག་ཁྲིམས་མ་ཟིན་སྔོན་ཙམ་ལ་ཨ་ཞེ་དབྱངས་ཅན་གྱིས་དར་ལུང་འབྲོག་སྡེར་ད་ཕྲུག་སློབ་གྲྭ་ཆུང་ཆུང་ཞིག་བཙུགས་ཤིང༌། མི་ དམངས་ཚོས་བཤད་སྲོལ་ལྟར་ན་སློབ་གྲྭ་དེ་ནི་ཨ་ཅག་དབྱངས་ཅན་གྱིས་མེ་ཏོག་གི་ འཕྲིན་གྱི་ནང་དོན་ལྟར་དངུལ་ཁང་ནས་རྒྱ་སྒོར་ཁྲི་སུམ་ཅུ་ཏག་ཏག་བཏོན་ནས་སློབ་ གྲྭ་དེ་གསར་བརྒྱབ་བྱས་ཐུབ་པར་བཤད་ལ། སློབ་གྲྭ་དེའི་མིང་ལའང་མེ་ཏོག་བུ་གསོ་ཁང་ཞེས་བཏགས་ཡོད་པ་རེད་ཅེས་ཟེར།

ལོ་ ངོ་ཧྲིལ་པོ་གཉིས་རྫོགས་ཏེ་མེ་ཏོག་ལྷ་མཛེས་དམར་བསད་བཏང་ལ་ཉེ་བའི་ཉིན་ཞིག་ལ་ གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་ནས་སྨྱོན་མ་ཞིག་ཕྱིར་འབུད་བཏང་ཡོད་ཅིང༌། དེ་ནི་མཛེས་སྡུག་ལྷའི་བུ་མོ་དང་གཉིས་སུ་མ་མཆིས་པའི་བོད་ཁ་བ་གངས་ཅན་ལྗོངས་ཀྱི་ས་ཡི་ཆར་གཏོགས་པའི་ཆོས་སངས་རྒྱས་ཀྱི་བསྟན་པ་དར་ས། དགུང་ དཔོན་བློན་གྱིས་ཁྲིམས་མགོ་ནོན་ས་སོགས་འདོད་རྒུ་ཚོགས་པའི་སྨན་ལྗོངས་ཀྱི་ཡུལ་ བྱེ་བྲག་དར་ལུང་འབྲོག་སྡེ་ནས་མི་རིགས་ཀྱི་གཤིས་རྒྱུད་གཙང་མ་དང་ལྷན་དུ་བཞད་ པའི་བུ་མོ་མེ་ཏོག་ལྷ་མཛེས་ཡིན་ཞིང༌། འདི་ནི་ཁོང་མོ་གྲོང་ཁྱེར་གྱི་ཡ་ང་བའི་རྨི་ལམ་ནང་མངོན་སུམ་དུ་སྨྱོན་མ་དང་སྤྲང་མོ་གཅིག་ཅོག་ཏུ་གྱུར་བའི་གཏམ་རྒྱུད་གསོན་པོ་ཞིག་རེད།

༢༠༠༧། ༠༢། ༢༥ ཉིན་རྫོགས་པར་སྦྱར།