བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་སྐོར་ལ་བཀའ་ཁྲིས་གསུངས་པ་ཞིག

 

“ཐེངས་དགུ་པ་འདི་ཕེབས་པ་ལ་བརྟེན་ནས་ལམ་སང་གྲུབ་འབྲས་འདི་ཡིན་ཟེར་བ་མངོན་གསལ་དོད་པོ་ཞིག་ཐོན་པའི་རེ་བ་གང་ཡང་བྱེད་ཀྱི་མེད་དེ། འདས་པའི་ཟླ་གྲངས་བཅོ་ལྔ་ཙམ་གྱི་རིང་ལ་འབྲེལ་མོལ་བྱེད་མ་ཐུབ་པ་དེ་ད་རེས་མུ་མཐུད་ཐུབ་པ་ཞིག་དང་། ལྷག་པར་དུ་རྒྱལ་སྤྱིའི་ནང་ལ་དེའི་སྐོར་ལ་ང་ཚོའི་གྲོགས་པོའི་རྒྱལ་ཁབ་ཚང་མ་ལ་འབྲེལ་མོལ་བར་མཚམས་རྒྱུན་རིང་ཕྱིན་པ་དེས་ཐུགས་འཚབ་མང་པོ་ཞིག་ཡོད་བསྡད་པ་རེད། དེ་ཡིན་དུས་ཁོང་ཚོ་ཚང་མ་ལ་ཐུབས་འཚབ་མེད་པ་ཆགས་རྒྱུ་ཞིག་དང་། བར་ལམ་གྱི་བོད་ནང་ལ་བྱུང་བའི་གནས་སྟངས། རྒྱལ་སྤྱིའི་ནང་ལ་བྱུང་བའི་གནས་སྟངས། རྒྱ་ནག་གཞུང་གི་ངོས་ནས་གནང་ཕྱོགས། དེ་འདྲ་མང་པོ་ཞིག་གི་ཐོག་ལ་ད་རེས་ཕར་ཚུར་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་རྒྱུ་དང་། གསལ་བཀྲོལ་བྱེད་རྒྱུའི་གོ་སྐབས་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།” ཅེས་དང་།

ཡང་ ༢༠༠༨ ལོར་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བ་དེའི་ལྷག་ད་ལན་གསུང་རྒྱུ་མེད་པའི་སྐོར་ལ་གསུངས་དོན། “བསམ་འཆར་ཡིག་ཆ་ལ་སྣོན་འཕྲི་སྤོར་གཅོག་བྱེད་རྒྱུ་དང་། ཕྱིར་བཤིག་རྒྱག་རྒྱུ་གང་ཡང་མེད་པ་དེ་གསལ་པོ་ཞེ་དྲགས་རེད། བསམ་འཆར་ཡིག་ཆ་དེ་ལོ་མང་པོ་ཞིག་གི་རིང་ལ་གནས་ཚུལ་ཞིབ་འཇུག་བྱས་པ་དང་། ལྷག་པར་དུ་འབྲེལ་མོལ་ཐེངས་བདུན་གྱི་རིང་ལ་ཕར་ཚུར་གོ་བསྡུར་བྱུང་བ་ཚང་མའི་མཇུག་བསྡོམས་འདྲ་བོ་དེ། མཐའ་མ་བསྡོམས་ས་དེ་བསམ་འཆར་ཡིག་ཆ་དེའི་ཐོག་ལ་བསྡོམས་ཡོད་རེད། ད་དེའི་ཁ་ལ་སྣོན་འཕྲི་སྤོར་གཅོད་བྱེད་རྒྱུ་དང་། ཕྱིར་བཤིག་རྒྱག་རྒྱུ་གང་ཡང་མེད་པ་རེད། ཡིན་ནའང་བསམ་འཆར་ཡིག་ཆ་དེའི་ཐོག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་གནས་ཚུལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དབང་གིས་འཁྱོག་བཤད་དེ་འདྲ་མང་པོ་གནང་ཡོད་རེད། དེ་ཚོ་གསལ་བཀྲོལ་མ་བྱས་པར་ཐབས་མེད་པ་ཞིག་ཡིན་པས། ད་རེས་ཁོང་རང་ཚོ་པའི་སྐབས་ལ་དེ་ཚོའི་གསལ་བཀྲོལ་ཆ་ཚང་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།” ཅེས་དང་།

ཡང་ད་ལན་འབྲེལ་མོལ་གནང་ཡུལ་ཐད་གསུངས་དོན། “ཧུའུ་ནན་ཞིང་ཆེན་ནས་འགོ་བཙུགས་ཏེ་གནང་གི་ཡོད་རེད། ནམ་རྒྱུན་འཆར་ཅན་ས་གནས་འབྲེལ་ཡོད་ཁ་ཤས་ཤིག་ལ་གཟིགས་སྐོར་གདན་འདྲེན་ཞུ་རྒྱུ་དེ་ཁོ་རང་ཚོའི་ལམ་སྲོལ་འདྲ་ཞིག་ཆགས་བསྡད་ཡོད་རེད། ད་༌༌ད་རེས་དང་པོ་ཧུའུ་ནན་ཞིང་ཆེན་དང་། དེ་ནས་ཕར་རྒྱལ་ས་ལ་ཕེབས་རྒྱུའི་བང་བསྒྲིགས་བཞག་ཡོད་རེད།” ཅེས་དང་།

ཡང་བོད་དུ་ཕེབས་ཐུབ་ཀྱི་མེད་པའི་སྐོར་གསུངས་དོན། “བོད་ལ་ད་རེས་ཕེབས་ཐུབ་པའི་འཆར་གཞི་མི་འདུག” ཅེས་གསུངས་འདུག ནོར་ཝེ་བོད་ཀྱི་རླུང་འཕྲིན་ལས་སྒྲ་ཕབ་ཞུས།