རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མར་ཁ་གཏད་བཅག་ན་གོ་གནས་སྤྲད་ཆོག་ཟེར།

འདི་གའི་གསར་འགོད་པས། ཁོང་ལ་བཅར་འདྲི་ཞུས་པར། སྦྱར་ཡིག་དེའི་ནང་དོན་ཁོང་གིས་གསུང་དོན། བདེ་ཆེན་རང་སྐྱོང་ཁུལ་གྱི་བོད་མི་རྣམས་ལ་ཁྱབ་བསྒྲགས་ཤིག་སྤེལ་གྱི་ཡིན། གནའ་སྔ་མོ་ནས་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང༌། རང་ཁུལ་མི་མང་ཡོངས་ཀྱི་དགོན་སྡེ་ཁག་གི་སྤྲུལ་སྐུ་དང་སེར་མོ་བ་ཡོངས་ནས་རྒྱ་ནག་དམར་ཤོག་གི་གཙོ་འཛིན་ཧུའུ་ཅིང་ཐོ་ལ་ཁ་གཏད་གཅོག་དགོས་པ་དང༌། དེ་མཚུངས་སུ་མི་མང་ཡོངས་ནས་ྋསྐྱབས་མགོན་༧གོང་ས་ཡིད་བཞིན་ནོར་བུར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་རོགས་ཞུ། མཐའ་མཇུག་དེར་བོད་རང་བཙན་རྒྱལ་ཁབ་ཅིག་ཆགས་ཐུབ་པར་བོད་མི་ཡོངས་ནས་དད་འདུན་ཆེན་པོས་སྨོན་ལམ་འདེབས་དགོས་ཞེས་འཁོད་ཡོད་པ་རེད། ཡིག་ཆ་དེའི་པར་སློག་ཅིག་ངའི་ཉལ་ཆས་འོག་ཏུ་སྦས་ཡོད།
༢༠༠༧ ལོའི་ཟླ་༡༢ ཚེས་༢༩ ཉིན་བདེ་ཆེན་ཀྲུའུ་ཟེར་བའི་ས་ཁུལ་སྤྱི་བདེ་ལས་ཁུངས་ནས་ང་རང་འབོད་འགུག་བྱས། ཁོ་ཚོའི་འབྲེལ་ཡོད་མི་སྣས་བརྗོད་གསལ་ལ། ཁྱོད་ཀྱིས་ཚན་རིག་ལ་ཡིད་ཆེས་སམ་སོགས་ཟེར་ནས་ངའི་གྲྭ་ཤག་ནས་སྔོག་བཤེར་བྱས་པས། མིང་རྟགས་བཀོད་པའི་སྦྱར་ཡིག་དེ་བཏོན་བྱུང༌། དེ་འདྲ་ཟེར་དགོས་པའི་རྒྱུ་མཚན་ནི་དེ་སྔོན་གྱི་སྙན་ཞུ་སོགས་ཀྱི་ཡིག་ཆ་ལའང་ངས་གཅིག་མཚུངས་ཀྱི་མིང་རྟགས་བཀོད་མྱོང་བར་ཁོ་ཚོས་ཚན་རིག་གིས་བརྟག་དཔྱད་བྱས་ཚར་ཟེར་བའི་དོན་རེད། ངས་སྦྱར་ཡིག་དེ་བྲིས་པར་ངོས་ལེན་བྱས་ཤིང་མིང་རྟགས་བཀོད་རྗེས་ཁོ་ཚོས་ང་ཁྲིམས་ཁང་དུ་བསྐྱལ་བྱུང༌། ༢༠༠༨ ལོའི་ཟླ་༡༠ པའི་ཚེས་༢༢ ཉིན་ཁྲིམས་ཁང་གིས་ལོ་གཅིག་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་རྗེས་དངོས་སུ་བཙོན་འཇུག་བྱས། དེ་ནས་གློད་གྲོལ་བཏང་རྗེས་ཁོ་ཚོས་དེ་སྔོན་མི་རིགས་མཐུན་སྒྲིལ་དང་དགོན་སྡེའི་དབར་མཐུན་སྒྲིལ་བཅས་མི་མང་གི་ཁེ་ཕན་ལ་བསམ་བློ་གཏོང་ཤེས་མཁན་སྤྲུལ་སྐུ་བཟང་པོ་རེད། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྦྱར་ཡིག་འབྲི་དགོས་པའི་རྒྱུ་མཚན་གང་ཡིན་ཞེས་དྲིས་སྐབས། ངས་བོད་མི་ལོ་བཅོ་བརྒྱད་ལ་མ་སླེབས་བར་ཆོས་སྒོར་ཞུགས་མི་ཆོག་པ་དང༌། ྋགོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པ། རྒྱལ་གཅེས་ཆོས་གཅེས་སོགས་ཀྱིས་འུར་སྒྲོག་བྱས་ཏེ་དོན་དམ་ཆོས་བྱེད་མི་ཆོག་པར་བཟོས་སོང༌། དེ་ལ་བརྟེན་ནས་སྦྱར་ཡིག་འབྲི་དགོས་བྱུང་སོང་ཞེས་བརྗོད་པ་ཡིན།
༢༠༠༩ ལོའི་ཟླ་༦ ཚེས་༢༨ ཉིན་གློད་གྲོལ་ཐོབ་རྗེས་ཁོ་ཚོས་ང་ལ་སླར་མ་འོངས་པར་གང་དུ་འགྲོ་རྩིས་ཡོད་ཅེས་དང༌། མུ་མཐུད་གྲྭ་པ་བྱེད་ཀྱི་ཡིན་མིན་སོགས་དྲིས་བྱུང༌། ངས་དེ་དག་ཚང་མ་རང་སྒེར་གྱིས་ཐག་གཅོད་རྒྱུ་ཡིན་ཞེས་བཤད་དུས་ཁོ་ཚོས་ང་མུ་མཐུད་རྒྱལ་ཐང་རང་དགོན་དུ་སྡོད་རྩིས་ཡོད་མེད་དྲིས་པ་མ་ཟད། སྲིད་གཞུང་མི་སྣས་གལ་ཏེ་ང་ད་དུང་མུ་མཐུད་འདིར་སྡོད་རྒྱུ་ཡིན་ཚེ། རྒྱ་གཞུང་ལ་རྒྱབ་གཏད་ཀྱི་ལས་ངན་བརྩམས་མི་ཆོག་པ་མ་ཟད། ྋཏཱ་ལའི་བླ་མ་དང་བོད་གཞུང་ལ་འབྲེལ་བ་བྱ་རྒྱུ་བཞག་སྟེ་དེའི་ཁ་གཏད་ལ་ལངས་དགོས། དེའི་སྐོར་བོད་མི་ཚོར་སློབ་གསོ་སྤྲད་ན་ཁྱོད་ལ་གཞུང་གི་གོ་གནས་སྤྲད་ཆོག་ཟེར། དེ་ནས་ངས་རྒྱ་ནག་གཞུང་ལ་ཁ་གཏོང་མི་ཡོང་ལ། གོ་གནས་ཀྱང་མི་དགོས། རང་དགོན་དུའང་སྡོད་ཀྱི་མིན། ང་རང་ད་ནས་བཟུང་སྐྱིད་པོ་བྱས་ནས་སྡོད་ཀྱི་ཡིན་ཞེས་ཁོ་ཚོར་མགོ་བསྐོར་གཏོང་ཐབས་བྱས་ཁུལ་ཡིན། དེ་ནས་བཟུང་ལྷ་སར་ཡོད་པའི་སྤུན་མཆེད་སོགས་ལ་ང་རང་རྒྱ་ནག་ཏུ་སློབ་སྦྱོང་ཆེད་དུ་འགྲོ་རྒྱུ་ཡིན་སྐོར་བཤད་ནས་བྲོས་བྱོལ་དུ་ཡོང་བ་ཡིན།
ང་འགྲམ་ནས་བལ་ཡུལ་བར་གོམས་བགྲོད་ཉིན་གཅིག་ལྷག་ཙམ་བྱས་རྗེས་སྣེ་ལེན་ཁང་དུ་འབྱོར་སོང། ལམ་བར་དུ་བསྡོམས་རྒྱ་སྒོར་ཁྲི་གཉིས་ཙམ་འགྲོ་སོང་ཕྱིན་སོང། མ་འོངས་པར་དྷ་སའི་ཉེ་འཁོར་གྱི་དགོན་པ་ཞིག་ཏུ་སློབ་གཉེར་བྱས་ནས་ལོ་ལྔ་དྲུག་ཙམ་རིང་འདུག་བསམ་པ་དང༌། དེ་ནས་ཕྱིར་ཕ་ཡུལ་དུ་ལོག་འགྲོ་རྒྱུའི་བསམ་ཚུལ་ཡོད་ཅེས་འགྲེལ་བརྗོད་གནང་སོང།།