ང་མྱི་མ་རེད། མྱི་འབག་ལ་འཁེན་འདུག

བརྩིགས་ངོས་བཀལ་བ་རྒྱལ་བའི་སྐུ་དཔར་ཞིག།
ལག་དུ་བཟུང་བ་ཙན་དན་འཕྲེང་བ་ཞིག།
ཁ་ནས་འདོན་པ་ཡི་གེ་དྲུག་མ་ཞིག།
དོན་ལ་མི་གཟུགས་སྟོན་པའི་ཚུལ་ཆོས་ཙམ།།

ཁ་ནས་གླེང་བ་བརྩེ་དུང་ལྷད་མེད་ཅིག།
དོན་དུ་གཉེར་བ་འཁྲིག་སྲེད་རྩེད་འཇོ་ཉིད།།
གོ་སྐབས་འགྲིག་ན་གང་བྱུང་བྱེད་པ་འདིས།།
བརྩེ་དུང་མེད་པའི་ཁྱི་དང་འདྲ་བ་རྟོགས།།

དྲ་ངོས་གང་སར་ཤར་རྒྱུགས་ནུབ་རྒྱུགས་བྱེད།།
དོན་ལ་ཕན་པའི་སྐད་ཆ་ཚིག་གཅིག་མེད།།
འཇོན་དང་ཤེས་རབས་རྐྱང་གིས་ཉིན་མ་འཕུད།།
མི་ཚེ་སྟོང་ཟད་བྱེད་མཁན་རང་ལས་སུ།།

མཐོ་དམན་ཀུན་ལ་ཚིག་ངན་སྣ་ཚོགས་བརྗོད།།
སྐྱ་སེར་ཡོངས་ལ་ནུས་མེད་སྡར་མར་འདོད།།
རང་གིས་བྱས་པ་རྩ་རྐང་ཙམ་ཡང་མེད།།
དེ་ལྟར་བསམ་དུས་ཤི་རྗེས་དམྱལ་བར་སྐྱེ།།

རིག་རིག་སྒྲུབ་སྒྲུབ་བརྟག་དཔྱད་མེད་པ་དང་།།
ཀློག་ཀློག་བྲིས་བྲིས་ཐམས་ཅད་གད་སྙིགས་བཞིན།།
དྲ་ངོས་གཙང་མའི་ཁོར་ཡུག་ལོག་ལམ་འཁྲིད།།
དེ་འདྲའི་མི་ངན་རིགས་ང་ཤི་ན་རེད།།