རེ་བ་དང་སྨོན་ལམ་ཁྲོད་ཀྱི་ད་ལྟའི་ཨ་མདོ་རྔ་པ།
གོང་གི་དུས་ཚོད་དེར་རྔ་པའི་གྲོང་སྡེ་ཁྲིམས་རྒན་དང་མཐའ་བ་གོང་མ། རྔ་སྲིབ། རྔ་སྟོད། རྔ་སྨད། ལྡོང་ཁུ་ཁག་གསུམ། དེ་བཞིན་རྫོང་དང་བར་ཐག་རིང་བའི་གཅའ་ཞང་དང༌། རྨེའུ་རུ་མ་ཞང་སོགས་འབྲོག་ས་ཁག་སོགས་རྫོང་དང་ཐག་རིང་ཐུང་གི་དགོན་གྲོང་ཚང་མ་ནས་བསང་བཏང་བ་དང། རླུང་རྟ་གཏོར་བ། ཤོག་སྦག་སྣ་ཚོགས་སྤར་ཏེ་རྔ་པའི་དོ་དགོང་གི་མཚན་མོ་ཉིན་ཤས་སྔོན་གྱི་ཁུ་སིམ་སིམ་གྱི་མྱ་ངན་གྱི་མཚན་མོ་ལས་རྦད་དེ་ལྡོག་ནས་རེ་བ་དང་སྨོན་ལམ་ཁྲོད་ནས་ངོ་མཚར་བའི་མཚན་མོ་ཞིག་ཏུ་བསྒྱུར་ཡོད་འདུག་ལ། སྐབས་དེར་དམག་མི་སྟོང་ཕྲག་འགས་རྫོང་གི་ཕྱོགས་མང་པོར་ལྟ་སྲུང་ནན་མོ་བྱས་ཡོད་ཀྱང་མང་ཚོགས་ཀྱིས་རང་རང་ས་ནས་དེ་ལྟར་དགའ་བའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་འདུག ཁྲོམ་ནས་ཤོག་སྦག་སྤར་སྐབས་དམག་མིས་མི་འགའི་ལག་ནས་ཤོག་སྦག་ཕྲོགས་སྟེ་སྤར་མ་བཅུག་པ་སོགས་ཀྱང་བྱུང་ཡོད་འདུག རྔ་པ་ཀིརྟི་དགོན་པའི་དགེ་འདུན་མང་པོ་ཞིག་གིས་གླིང་བར་དུ་ཡོད་པའི་མགོན་ཁང་གི་བསང་ཁྲིའི་ཐོག་བསང་བཏང་བ་དང་དེར་“གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདིར་”ཞེས་སོགས་ཞབས་བརྟན་གསོལ་འདེབས་སྐད་ཤུགས་ཆེན་པོས་བསྐྱོར་ནས་བསྡད་ཡོད་འདུག གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་གསུང་དོན། ང་ཚོས་འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་ྋགོང་ས་མཆོག་དང་ཨོ་བྷ་མ་གཉིས་མཇལ་ཕྲད་གནང་བ་དེར་གྲུབ་འབྲས་ཡག་པོ་ཞིག་ཡོང་བའི་རེ་བ་དང་སྨོན་ལམ་བྱེད་པ་དང། དེ་བཞིན་བསང་རླུང་རྟ་བྱས་ནས་དགྲ་ལྷ་དཔུང་སྟོད་བྱས་ཏེ་དགའ་བའི་ལྷ་རྒྱལ་དང་ཀི་བསྭོ་སྒྲོག་བཞིན་ཡོད་ཅེས་གསུངས། ཡང་རྒྱ་གཞུང་གི་ལས་བྱེད་རེ་འགས་བོད་ནང་གི་ཆུ་ཚོད་༡༢ ཐོག་ྋགོང་ས་མཆོག་དང་ཨོ་བྷ་མཇལ་ཕྲད་གནང་ཚར་བ་རེད་ལ། སྐབས་དེར་གསར་འགོད་པ་གཅིག་ཀྱང་བཏང་མེད་ཚུལ་ཡང་རྫུན་སྒྲོག་བྱས་ཡོད་འདུག་པ་བཅས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས། ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༨ ལ།
༡