༧བདག་ཁྲི་རིན་པོ་ཆེའི་མི་མང་ལ་ཚེ་དབང།
རང་ཉིད་དལ་རྟེན་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་པ་ཙམ་མ་ཟད། འཕགས་མཆོག་ཕྱག་ན་པད་མོའི་གདུལ་ཞིང་དུ་སྐྱེས་པར་གོ་ཆོད་པ་ཞིག་དང་ཆོས་རྣམ་དག་ཅིག་བསྒྲུབ་དགོས་པ་དེ་ཤིན་ཏུ་གལ་ཆེ་སྙམ། ལྷག་པར་དུ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོས་ང་ཚོར་འདི་ཕྱིའི་ལམ་སྟོན་ཟབ་མོ་མ་གཅིག་བུ་ལ་གདམས་པ་ལྟ་བུའི་གསུང་གི་བཀའ་སློབ་ཟབ་མོ་རྣམས་ཉམས་སུ་ལེན་ཐུབ་ན། དགའ་བ་དང་ཚེ་གང་བོར་ཉམས་སུ་བླངས་ཚེ་ཕྱི་མའི་ལམ་རྒྱག་ཟེར་ནའང་འདྲ། ཚེ་འདིར་ཡུན་རིང་འཚོ་ཕྱིར་ཞབས་རིམ་སོགས་འདི་ཡིན་པས་བཀའ་བཞིན་བསྒྲུབ་པའི་མཆོད་པ་འདི་ལས་ལྷག་པ་ཞིག་མེད་སྟབས་ཚང་མའི་ཐུགས་ལ་འཇགས་རོགས་གནང་ཞེས་གསུངས་སོང།
ཁོང་གིས་མུ་མཐུད་ཡུལ་མིར་མཐུན་ལམ་གྱི་སྐོར་གསུང་དོན། ང་ཚོ་ལ་བཀའ་དྲིན་བླ་ལྷག་ཏུ་བསྐྱངས་པའི་རྒྱ་གར་འཕགས་པའི་ཡུལ་འདི་ཆོས་སྲིད་གཉིས་ཀའི་ཐོག་ནས་ང་ཚོ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་རྒྱལ་ཁབ་ཅིག་རེད། དེར་བརྟེན་མི་རེ་ཟུང་གི་བྱས་ཉེས་ལ་མ་ལྟོས་པར་ཡུལ་མི་ལ་མཐུན་ལམ་གནང་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེའི་དོན་གནད་ཅིག་རེད། དེ་བཞིན་དེང་སང་རང་རིགས་ན་གཞོན་མི་ཉུང་བ་སྐོར་ཞིག་གིས་དུག་རྫས་འདྲ་མིན་ཟོས་པ་སོགས་གོ་ཐོས་ཡོང་གི་འདུག ཧ་ཅང་ཕངས་པོ་རེད། རང་ཉིད་ཀྱིས་རང་གི་སྲོག་བཅད་པ་དང་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་འཕྲོ་བརླག་འགྲོ་རྒྱུ་དང་གཟུགས་པོའི་འཕྲོད་བསྟེན་སོགས་གང་ཅིའི་ཐད་ནས་སྐྱོན་ཆེ་ཤོས་རེད། དེ་ཚོ་ལ་སྤང་བླང་ཚུལ་བཞིན་གནང་རོགས་གནོང་ཞེས་དང། དཀར་སྐྱོང་གིི་སྐོར་གསུང་དོན། དེང་སང་དཀར་སྐྱོང་གི་ལས་འགུལ་སྤེལ་མཁན་དེ་འདྲ་འདུག འདི་ཚོ་དངོས་གནས་དྲང་གནས་ཡག་པོ་རེད། རྗེས་སུ་ཡི་རངས་ཡོད། སེམས་ཅན་གཅིག་ཙམ་སྲོག་བཅད་པའི་ཉེས་དམིགས་ལ་བསམ་ན་ཧ་ཅང་ཉེས་པ་ཆེན་པོ་རེད། འཕྲོད་བསྟེན་གྱི་ཕྱོགས་ནས་བཤད་ནའང་སྨན་པ་མང་ཆེ་བས་ཤ་ཟོས་པ་ལ་བརྟེན་ནས་བཅོས་ཐབས་མེད་པའི་ནད་རིགས་མང་པོ་བྱུང་བ་སོགས་གསུང་གི་འདུག དེར་བརྟེན་ཧ་ཅང་གནོད་འཚེ་ཆེན་པོ་རེད་ཅེས་སོགས་འདི་ཕྱིའི་སྤང་བླང་གི་བཀའ་སློབ་ཟབ་མོ་བསྩལ་གནང་སོང། ད་དུང་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དབུས་ཕྱོགས་དང་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་རླབས་ཆེན་ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་དག་ཡར་ཟླ་ལྟར་འཕེལ་བ་དང་རིང་པོར་མི་ཐོགས་པར་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་གི་དགའ་སྟོན་ལ་མྱུར་དུ་ལོངས་སྤྱོད་ཐུབ་པ་སོགས་ཀྱིས་ཐུགས་སྨོན་རྒྱ་ཆེ་གནང་སོང།།