ཧོང་ཀོང་ནང་རྒྱ་ནག་གི་དགག་ཕྱོགས་མང་པོར་འོས་ཐོབ་པ།
ཧོང་ཀོང་གི་གྲོས་ཚོགས་འོས་བསྡུའི་གྲུབ་འབྲས་ཁྲོད། རྒྱ་ནག་ལ་ཁ་གཏད་གཅོག་མཁན་མང་གཙོ་ལས་འགུལ་བ་དང་། རང་ཐག་རང་གཅོད་དང་རང་བཙན་ལངས་ཕྱོགས་འཛིན་མཁན་མང་དག་ཅིག་ལ་འོས་ཐོབ་འདུག
 ཟླ་འདིའི་ཚེས་༤ ཉིན་ཧོང་ཀོང་དུ་གྲོས་ཚོགས་འཐུས་མིའི་ཆེད་འོས་བསྡུ་བྱས་ཡོད་པ་དང་། དེ་ཡང་ཕྱི་ལོ་༢༠༡༤ ལོའི་ཉི་གདུགས་ཀྱི་ལས་འགུལ་ཆེན་མོའི་རྗེས་སུ་འོས་བསྡུ་ཐེངས་དང་པོ་ཡིན་པ་རེད། ཐེངས་འདིར་དེབ་སྐྱེལ་བྱེད་མཁན་ལས་མི་མང་བརྒྱ་ཆ་༥༨ མཉམ་ཞུགས་བྱས་ནས་ཕྱི་ལོ་༢༠༠༤ ཡི་རྗེས་སུ་འོས་བླུགས་མཁན་གྲངས་འབོར་ཆེ་ཤོས་དེ་ཡིན་འདུག གྲངས་འབོར་ལ་གཞིགས་ན་མི་མང་ས་ཡ་༢.༢ ཡིས་འོས་བླུགས་ཡོད་པ་དང་། འོས་བླུགས་མཁན་མང་དྲགས་ནས་ས་ཚིགས་ཤིག་མཚན་གྱི་ཆུ་ཚོད་༢ དང་ཕྱེད་ཀ་བར་སྒོ་ཕྱེ་དགོས་བྱུང་འདུག

ཟླ་འདིའི་ཚེས་༥ ཉིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པ་བརྒྱུད། མང་གཙོ་ལས་འགུལ་བ་དང་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱེད་མཁན་སོགས་རྒྱ་ནག་ལ་ཁ་གཏད་གཅོག་མཁན་འོས་མི་ཉུང་མཐའ་༡༨ ལ་འོས་ཐོབ་ཟིན་ཡོད་པས། གྲོས་ཚོགས་ནང་ཕྱོགས་གཏོགས་དེས་ཁྲིམས་བཟོ་དང་གྲོས་ཆོད་སོགས་ལ་དགག་པ་རྒྱག་པའི་ཉུང་མཐའི་དབང་ཚད་ལོན་ཡོད་འདུག
གྲོས་ཚོགས་ཀྱི་འོས་བསྡུའི་ནང་ཕྱི་ལོ་༢༠༡༤ ལོའི་ཉི་གདུགས་ཀྱི་ལས་འགུལ་ཆེན་མོའི་ལས་འགུལ་བ་སོགས་མང་གཙོ་ལས་འགུལ་བ་ཁག་ཅིག་ལ་འོས་ཐོབ་ཡོད་ཀྱང་། གྲོས་ཚོགས་ནང་རྒྱ་ནག་གི་ཕྱོགས་གཏོགས་ཀྱི་མི་སྣ་མང་མོས་སླེབས་ཀྱི་ཡོད་འདུག དེ་ཡང་ཧོང་ཀོང་གི་འོས་བསྡུའི་སྒྲིག་སྲོལ་ལ། གྲོས་ཚོགས་འཐུས་མི་༧༠ ཡོད་པ་ལས། འཐུས་མི་༣༥ དེ་མི་མང་གིས་རང་ཉིད་ཀྱི་ས་ཁོངས་ལ་གཞིགས་ནས་ཐད་ཀར་འོས་འདེམས་ཀྱི་ཡོད་པ་དང་། ༣༠ ཞིག་རང་ཉིད་ཀྱི་ཁྱད་ལས་ལ་གཞིགས་ནས་འོས་འདེམས་བྱེད་ཀྱི་ཡོད་འདུག ཁྱད་ལས་དེ་དང་འབྲེལ་བ་ཡོད་པའི་མི་སྣ་གཅིག་པུས་འོས་བླུགས་ཀྱི་ཡོད་འདུག་པས། དེའི་ཁོངས་ཀྱི་གྲོས་ཚོགས་འཐུས་མི་ཕལ་ཆེ་བ་རྒྱ་ནག་གི་ཕྱོགས་གཏོགས་ཡིན་པར་འོས་ཐོབ་ཀྱི་ཡོད་འདུག འཐུས་མི་༥ ཞིག་ཧོང་ཀོང་གི་ས་ཁུལ་ཚང་མའི་མི་མང་གིས་འོས་བླུགས་ནས་འདེམས་ཀྱི་ཡོད་འདུག
ཐེངས་འདིར་རང་ལོ་༢༣ ཡིན་པའི་ཕྱི་ལོ་༢༠༡༤ ལོའི་མང་གཙོའི་ལས་འགུལ་གྱི་འགོ་ཁྲིད་ནཱེ་ཐན་ལྰོ་ (Nathan Law) ནི་ད་བར་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ལོ་ན་ཆུང་ཤོས་དེ་ཆགས་ཡོད་པ་དང་། ཁོང་གིས་གྲོས་ཚོགས་འཐུས་མི་མང་གཙོ་རྒྱབ་སྐྱོར་བྱེད་མཁན་ཚོས་ཆིག་སྒྲིལ་གྱིས་རྒྱ་གཞུང་ལ་ཁ་གཏད་གཅོག་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག
ཕྱི་ཟླ་༨ པའི་ནང་ཧོང་ཀོང་འོས་བསྡུ་ལས་ཁང་གིས་ཧོང་ཀོང་གི་རང་བཙན་དོན་གཉེར་བ་༦ ལ་ཧོང་ཀོང་གི་གྲོས་ཚོགས་འོས་མིར་ཞུགས་རྒྱུར་བཀག་འགོག་བྱས་ནས། ཧོང་ཀོང་ནང་རང་བཙན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་ཕྱིན་པ་དང་སྦྲགས། རྒྱ་གཞུང་ནས་དེའི་རིགས་ལ་སྐྱོན་བརྗོད་དང་ཉེན་བརྡ་བཏང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།