མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ལེགས་སྦྱར་ནང་བསྒྱུར་བ།
ནམ་རྒྱུན་མང་ཚོགས་ནང་ལེགས་སྦྱར་གྱི་སྐད་ཡིག་ནི་བེད་མེད་དང་། ཆ་མ་ཚང་བ་ཡིན་པའི་གོ་ནོར་ཤིག་ཐེབས་བཞིན་ཡོད་རེད་ཅེས་ ཅན་གྱི་མཁས་དབང་རྗི་ཏེན་ཌར་ ཀུ་མར་གྱིས་གསུངས་འདུག
ཟླ་འདིའི་ཕྱི་ཚེས་༨ ཉིན་རྒྱ་གར་གྱི་གསལ་ལམ་ཧིན་རྡུ་སི་ཏན་ནང་གནས་ཚུལ་འཁོད་གསལ་ལྟར་ན། རྒྱ་གར་ཨུ་ཏ་ར་མངའ་སྡེ་ནས་ཡིན་པའི་ལོ་ན་༧༥ ཅན་གྱི་མཁས་དབང་རྗི་ཏེན་ཌར་ ཀུ་མར་ ཀྲུ་ར་པ་ཐི་(Dr Jitendra Kumar Tripathi)ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ཞེས་པ་དེ་ལེགས་སྦྱར་གྱི་ཡི་གེ་ནང་བསྒྱུར་ཡོད་འདུག
སྒྱུར་བ་པོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ལེགས་སྦྱར་དུ་བསྒྱུར་བ་ནི། ལེགས་སྦྱར་སྐད་ཡིག་ཁོ་ན་བེད་སྤྱོད་བྱེད་མཁན་རྣམས་ཀྱིས་རྒྱལ་ཚོགས་ཀྱི་སྐོར་ལ་ཤེས་རྟོགས་ཡོང་ཐབས་ཡིན་ལུགས་བརྗོད་འདུག་ལ། དེ་བཞིན་བྱ་བ་དེ་ལེགས་འགྲུབ་བྱུང་བར་ཁོ་རང་ཧ་ཅང་དགའ་པོ་འདུག་ཅེས་བརྗོད་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ནང་ཡོད་པའི་རྒྱ་གར་གྱི་གཏན་འཇགས་གཞུང་ཚབ་མི་སྣས་སྒྱུར་བ་པོའི་འབད་བརྩོན་དང་མཛད་རྗེས་ལ་བསྔགས་བརྗོད་ཀྱང་ཞུས་ཡོད་འདུག
སྒྱུར་པ་པོ་ཀུ་མར་གྱིས་གསུང་དོན་དུ། ནམ་རྒྱུན་མང་ཚོགས་ནང་ལེགས་སྦྱར་གྱི་སྐད་ཡིག་ནི་བེད་མེད་དང་། ཆ་མ་ཚང་བ་ཡིན་པའི་གོ་ནོར་ཤིག་ཐེབས་བཞིན་ཡོད་རེད་ཅེས་བརྗོད་ནས་ལེགས་སྦྱར་གྱི་སྐད་ཡིག་ཆ་ཚང་བ་དང་། བེད་སྤྱོད་ཡོད་ཚུལ་ཤུགས་ཀྱིས་གླེང་ཡོད་འདུག་ལ། ལེགས་སྦྱར་ནི་གནའ་བོའི་རྒྱ་གར་གྱི་ཡབ་མེས་རྣམས་ཀྱི་སྐད་ཡིག་གཙོ་བོ་ཞིག་ཡིན་ན་ཡང་། དུས་ཀྱི་དབང་གིས་སྐད་ཡིག་འདིའི་གལ་གནད་བརླགས་སོང་བ་རེད་ཅེས་བརྗོད་ཡོད་འདུག དེ་བཞིན་མང་ཚོགས་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་གོ་རྟོགས་ཡོང་ཕྱིར་ང་ཚོས་ལས་ཀ་མང་པོ་བྱས་ཟིན་པ་ཡིན་ཞེས་དང་། ད་ཆ་སློབ་མ་ཚོས་ལེགས་སྦྱར་ལ་དོ་སྣང་ཆེན་པོས་སློབ་སྦྱོང་བྱེད་ཀྱི་འདུག་པས་མཁས་དབང་རྣམ་པར་རེ་བ་གསར་པ་ཞིག་ཡོང་གི་འདུག་ཅེས་བརྗོད་ཡོད་འདུག
ཀུ་མར་གྱིས་ལོ་བཅུ་ཕྲག་གཅིག་གི་གོང་ནས་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ལེགས་སྦྱར་དུ་བསྒྱུར་ཟིན་རུང་། ལོ་གཉིས་གསུམ་སྔོན་ཙམ་ནས་གཞི་ནས་གློག་འཕྲིན་བརྒྱུད་དེ་འགྱུར་མ་ཆ་ཚང་བ་ཞིག་རྒྱལ་ཚོགས་ལ་གཏོང་རྒྱུ་ཐག་གཅོད་བྱས་ཡོད་འདུག ཀུ་མར་ནི་ད་ལྟ་ཨུ་ཏ་ར་མངའ་སྡེའི་རྒྱལ་ས་ལཀི་ནའོ་(Lucknow)ལ་རྟེན་གཞི་བྱས་པའི་མི་མང་ལེགས་སྦྱར་ལྷན་ཚོགས་ཀྱི་ལས་ཐོག་དྲུང་ཡིག་ཡིན་འདུག
རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནི་ཕྱི་ལོ་༡༩༤༥ ལོའི་ཕྱི་ཟླ་༦ པའི་ཕྱི་ཚེས་༢༦ ཉིན། ཨ་རིའི་གྲོང་ཁྱེར་སན་ཧྥ་རན་ སི་ཀོ་(San Francisco)ལ་རྒྱལ་སྤྱིའི་ལྷན་ཚོགས་སྐབས་གཏན་འབེབས་བྱས་པ་ཞིག་ཡིན་འདུག་ལ། ལོ་དེའི་ཕྱི་ཟླ་༡༠ ནས་བཅའ་ཁྲིམས་ལག་བསྟར་བྱས་ཡོད་འདུག རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནི། ཨ་ར་བྷིག་དང་། རྒྱ་ཡིག དབྱིན་ཡིག ཧྥ་རན་སི། ཨུ་རུ་སུ། སི་པན་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་འབྲེལ་སྐད་ཡིག་དྲུག་གི་ནང་ཡོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།