སྐྱ་རེངས་ཤར་སྟངས་འདི་ལ་གཟིགས་ཤིག

དུག་གི་ཁ་ཟས་ཟོས་དེ་མ་ཤི་གོང་།།
ཁྲག་གི་མཚོ་མོ་བཞུར་ནས་མ་ཚར་གོང་།།
ལུས་ཀྱི་སྐྱི་འབག་འཐེད་དེ་མ་རུལ་གོང་།།
གཉིད་ནས་བསྡོད་པའི་ཚུགས་ཀ་སྐྱུར་ན་རེད།།

ཁ་བདེ་བཤད་དེ་ཉིན་མ་འཕུད་ལུགས་དང་།།
མགོ་བདེ་འཁྲབ་དེ་རང་ཤ་ཚོང་ལུགས་དང་།།
རང་འཚང་དྲིས་དེ་ནང་དཀྲུགས་བྱེད་སྟངས་སོགས།།
དྲན་པའི་ཡུལ་ནས་གཏོར་བཤིག་གཏོང་རན་རེད།།

ཕྱི་ལ་འཁྱམ་ནས་རིགས་རྒྱུད་བརྫོད་པ་དང་།།
ནང་དུ་བསྡད་ནས་རང་སྐད་བརྗེད་པ་དང་།།
བར་མ་བར་ནས་བོད་སེམས་མེད་པ་སོགས།།
གང་ནས་རིག་ན་ངོ་འཚང་འདྲི་རན་རེད།།

ཤེས་ན་ཤེས་པས་ཚོད་ཀྱི་གཏམ་ཞིག་ཤོད།།
འཇོན་ན་འཇོན་པས་ཚོད་ཀྱི་ལས་ཤིག་བྱོས།།
དྲང་ན་དྲང་བོ་ཡིན་པས་ལམ་ཞིག་གཏོད།།
དབའ་ན་དབའ་བོའི་བཞག་རྗེས་འཇོག་རན་ཡིན།།

ངས་ཤེས་ཁྱོད་ཤེས་ཟེར་ནས་འདུག་རན་རྫོགས།།
ང་ཁྱོད་ཁོ་རང་ཟེར་ནས་ལེ་དུས་གཡོལ།།
མི་རིགས་རང་ལུགས་ཟབ་མོའི་རང་དབང་ཞིག།
དགོས་པ་བདེན་པ་ཡིན་ན་ཆིག་སྒྲིལ་བྱོས།།