མགོ་བོ་ཡར་ལ་སྟེགས་ཤིག་མ་ཡུམ་ཚོ།

ལུས་སེམས་འཁྲུག་ཆ་མྱུར་མོའི་གོ་རིམ་དུ།

དཀའ་ངལ་སེལ་ཐབས་སྤོབས་སེམས་ལྡན་བའི་ཐོག

རྒྱ་གར་བུད་མེད་མྱོང་བྱང་ལྷུག་པོར་གྲོལ།

རང་གི་དོགས་གནས་ཚིག་འགར་རེ་ཞིག་བཏོན༎


ཆུང་དུས་མ་ཡུམ་གྲོངས་པའི་སྐྱོ་གདུང་དང༌།

དམིགས་བྱ་དབེན་པའི་མུན་ནག་དུས་རིམ་དེར།

ཡོན་ཏན་སྦྱང་བརྩོན་ཤིན་ཏུ་དཀའ་གནས་སུ།

ངལ་དུབ་སེལ་ཐབས་བརྩོན་འགྲུས་བསྐྱེད་སྐོར་གསུང༌༎


འགྲོ་བ་མི་རྣམས་འཇིག་རྟེན་མུན་ནག་གླིང༌།

ཡང་ཡང་འགྲིམ་དགོས་རྒྱུད་ཐག་མ་ཆད་བར།

དབང་ཡོད་ཅན་གྱིས་མོ་མགོ་རྡུང་བའི་དུས།

འཆིང་ཐག་རང་གི་བཀྲོལ་དགོས་མ་ཡུམ་ཚོ༎


དུས་ཀྱི་འགྱུར་འབག་གློག་བཞིན་མྱུར་བ་དང༌།

ལུས་སེམས་གཉིས་ཀྱང་ངལ་བ་དེ་བཞིན་གནས།

མི་ཚེ་འགྲིམ་དུས་ཀྱོག་ལམ་མང་ན་ཡང༌།

དཀའ་སྡུག་ཐབས་ཀྱིས་སེལ་དགོས་མ་ཡུམ་ཚོ༎


ཁ་བཤད་དོན་གྱི་གཏིང་མཐའ་ཟབ་པའི་གནས།

ཐབས་ལམ་བརྒྱུད་དེ་ལེགས་པར་མྱུར་བའི་ལམ།

སེམས་ཀྱི་ཤེས་རབ་ཆུ་རྒྱུན་རིང་མོ་དག

ལག་བསྟར་དོན་དུ་འཁྱོལ་ན་ཨེ་མ་ཧོ༎


སྐྱོ་ངལ་སེམས་སུ་འཚུང་དུ་སྨྲོ་བརྗོད་དགོས།

སྤྲོ་བའི་འཛུམ་མུལ་མཆིས་ཚེ་དགོད་སྒྲ་སྒྲོག

བག་ཁུམ་རྩ་ལག་ངར་མོ་བཅད་གྱུར་ཏེ།

མོ་མགོ་ཐོན་པར་བརྩོན་ནོ་མ་ཡུམ་ཚོ༎


རྨོངས་པའི་འཆིང་ཐག་བཀྲོལ་བར་བློ་གྲོས་དགོས།

བརྩོན་འགྲུས་ཤེས་རབ་ལྡན་པའི་ནུས་ལྡན་ཀུན།

སྨྲ་བསམ་བརྗོད་མེད་གདུག་རྩུབ་གླིང་ཆེན་དུ།

མགོ་བོ་ཡར་ལ་སྟེགས་ཤིག་མ་ཡུམ་ཚོ༎


མཐོན་པོ་དབང་ཆའི་གོ་དབང་སྡེངས་ཁྲི་དེ།

རང་རིགས་སྐྱོར་བའི་ཤུགས་རྐྱེན་རྒྱུད་ལམ་ཙམ།

འཇིག་རྟེན་སྟོང་བར་འདོད་པའི་དབང་ཆེན་ཀུན།

མ་ཡུམ་ཕྱག་ན་ཡོད་འདུག་ཕོ་རྒོད་ཀྱེ༎


ཕྱི་ལོ་2009ལོའི་ཟླ་3ཚེས26ཉིན་བྲིས།

ཕྱི་ལོ་2010ལོའི་ཟླ་3ཚེས་12བུད་མེད་འོངས་ལངས་ཉིན་སྤེལ༎