གོ་སྐབས་འདི་འདྲ་ཡོང་གི་རེད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༢༠ ཕྱི་ལོ་ ༢༠༡༦/༡༡/༩
རྒྱ་གཞུང་གི་དམ་དྲག་འོག་མི་མང་གིས་སྲིད་གཞུང་མགོ་རྟིང་སློག་རྒྱུའི་ནུས་པ་ཡོད་དམ།
ད་ལྟའི་དུས་འདིར་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་ཆེན་པོ་སོང་ཡོད་པའི་སྐབས་འདིར། མི་མང་པོ་ཞིག་གིས་རྒྱ་གཞུང་གི་ད་ལྟའི་གནས་སྟངས་ལ་འགྱུར་བ་གཏན་ནས་འགྲོ་མི་སྲིད་པའི་བསམ་ཚུལ་ཤོད་མཁན་མང་པོ་ཡོད་པ་དང་། བོད་པ་མང་པོ་ཞིག་གིས་ཀྱང་དེ་ལྟ་བུའི་ལྟ་ཚུལ་འཛིན་བཞིན་ཡོད། རྒྱ་དམར་གཞུང་གིས་ཀྱང་དུས་རྒྱུན་རྒྱ་ནག་ནི་ཡར་རྒྱས་དང་བརྟན་ལྷིང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པའི་འབོར་ཤོབ་ཕྱོགས་ཀུན་ཏུ་བསྒྲགས་བཞིན་པའི་སྐབས་ཤིག་ཏུ་གྱུར་ཡོད། འོན་ཀྱང་ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་དང་། ཐའེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་ཧུང་སིའི་ཅུ་གཉིས་ཕྱི་ཟླ་༡༡ ཚེས་༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཐུག་འཕྲད་སྐབས། ཞིས་ཅིན་ཕིན་གྱིས་“རྒྱ་ནག་མི་མང་དུང་ཕྱུར་༡༣ གྱིས་ཐའེ་ཝན་གྱི་རང་བཙན་ལ་མོས་མཐུན་བྱེད་རྒྱུ་མིན་པ་དང་། རྒྱ་ནག་གཞུང་གིས་ཐའེ་ཝན་རང་བཙན་གྱི་གནད་དོན་དེ་བཀག་སྡོམ་མ་བྱས་ཚེ། མི་མང་གིས་དམར་ཤོག་ཚོགས་པ་དེ་མགོ་རྟིང་སློག་གི་རེད།”ཅེས་བརྗོད་ཡོད་ཚུལ་འདུག
རྒྱ་དམར་དྲག་པོའི་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་རྒྱུན་མཐུད་བྱས་པར་ཧང་སང་དགོས་པ་ཞིག་གཏན་ནས་མིན་ནའང་། ད་ལན་གྱི་སྐད་ཆ་དེ་ལ་བསམ་བློ་གསར་པ་ཞིག་མི་གཏོང་ཀ་མེད་དུ་གྱུར་འདུག རྒྱུན་རིང་གི་སློབ་གསོ་ལ་བརྟེན་ནས་རྒྱ་མི་རིགས་ལ་རྒྱལ་ཞེན་ནམ་མི་རིགས་རིང་ལུགས་ཀྱི་བསམ་བློ་ཤུགས་ཆེ་ཡོད་པ་དང་། དེང་སྐབས་འཛམ་བུའི་གླིང་སྤྱི་ཡོངས་ཀྱི་ཆ་ནས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་པ། ཨ་རིའི་སྲིད་འཛིན་གྱི་འོས་གཞི་རུ་རྒྱལ་ཞེན་རིང་ལུགས་ཁ་ལ་ཁུར་མཁན་ཞིག་སླེབས་ཡོད་པ་སོགས་སྤྱི་ཡོངས་ནས་བསྐྱར་དུ་འཛམ་གླིང་ཧྲིལ་པོ་རྒྱལ་ཞེན་རིང་ལུགས་ཀྱི་ལམ་ལུགས་སུ་བསྐྱར་ལོག་རྒྱག་རྒྱུའི་བསམ་བློ་ཡོད་པ་ལྟ་བུའི་རྣམ་འགྱུར་ཡང་མཐོང་རྒྱུ་འདུག་ལ། ད་ལན་ཞིས་ཀྱིས་དེ་ལྟར་ཤོད་དགོས་པའི་རྒྱབ་ལྗོངས་རྒྱ་མི་རིགས་ལ་རྒྱལ་ཞེན་རིང་ལུགས་ཀྱི་བསམ་བློ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་ཚུལ་བརྗོད་འདུག
འོན་ཀྱང་ད་ལྟའི་དུས་འདིར་རྒྱ་མི་མང་པོ་ཞིག་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་བསྐྱོད་བཞིན་ཡོད་པ་དང་། འཛམ་གླིང་སྤྱིའི་རིག་གནས་དང་བསམ་བློའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད། དྲ་རྒྱའི་དུས་རབས་འདིར་འགྱུར་ལྡོག་གསར་པ་མང་པོ་ཞིག་འགྲོ་མི་སྲིད་པ་གཏན་ནས་མ་རེད། ད་ལན་རྒྱ་ནག་གི་སྲིད་འཛིན་ཞིས་ཀྱི་སྐད་ཆའི་ནང་དུ་“རྒྱ་ནག་གཞུང་གིས་ཐའེ་ཝན་རང་བཙན་གྱི་གནད་དོན་དེ་བཀག་སྡོམ་མ་བྱས་ཚེ། མི་མང་གིས་དམར་ཤོག་ཚོགས་པ་དེ་མགོ་རྟིང་སློག་གི་རེད།”ཅེས་པ་དེ་རེད། དུས་རྒྱུན་དུ་མཁྲེགས་འཛིན་ཆེ་བའི་སྲིད་གཞུང་ཞིག་གི་དཔོན་པོའི་ཁ་ནས་ཐོན་པའི་སྐད་ཆ་འདི་ལ་རྒྱབ་ལྗོངས་མི་འདྲ་བ་ཁ་ཤས་ཤིག་ཡོད་ངེས་རེད་ལ། ཕྱོགས་གཅིག་ནས་རྒྱ་ནག་གི་མི་མང་ལ་རང་དབང་ཡོད་པའི་རྣམ་འགྱུར་སྟོན་ཆེད་ཙམ་ཡིན་མི་སྲིད་པ་མིན་ཡང་། ཕྱོགས་གཞན་ཞིག་ནས་མ་འོངས་པར་མི་མང་གིས་སྲིད་གཞུང་གི་བྱེད་ཕྱོགས་ལ་འདོད་པ་མ་ཁེངས་པར་གཞུང་མགོ་རྟིང་སློག་རྒྱུའི་ཉེན་ཁ་ཡོད་པའི་ལྟ་ཚུལ་ཞིག་ཞིས་ཀྱི་སེམས་ནང་དུ་སླེབས་ཡོད་སྲིད་པ་རེད།
ད་ལྟའི་དུས་འདིར་རྒྱ་དམར་གཞུང་གི་དཔོན་རིགས་རྣམས་ཡར་བསྐོ་མར་འཇོག་ག་རེ་བྱས་ཀྱང་མི་མང་དང་འབྲེལ་བ་གཏན་ནས་མེད་པས། སྤྱིར་ཞིས་ཀྱི་སྐད་ཆ་དེས་ཐའེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་གཙོར་ཕྲུ་གུ་ལ་ཞེད་སྣང་བསྐུལ་བ་ལྟ་བུའི་སྐད་ཆ་ཞིག་ཏུ་གྱུར་ཡོད་ནའང་། དོན་དངོས་སུ་རྒྱ་དམར་གཞུང་གི་མཁྲེགས་འཛིན་དང་མི་མང་གི་བསམ་བློའི་གནས་སྟངས་དང་། འཛམ་གླིང་གི་འགྱུར་འགྲོས་གང་ཐད་ནས་རྒྱ་ནག་སྲིད་གཞུང་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བར་དུས་ཡུན་རིང་པོ་མི་འགོར་བའི་རྒྱུ་མཚན་ཡང་མེད་པ་གཏན་ནས་མིན། དཔེར་ན་ལྐོག་ཟ་རུལ་སུངས་ལ་ཁ་གཡར་བའི་ནང་ཁུལ་གྱི་ཁྱོད་ཤི་ང་གསོན་གྱི་དབང་ཆའི་འཐབ་རྩོད་དང་། ཧོང་ཀོང་གི་རང་བཙན་འཐབ་རྩོད། བོད་དང་། ཤར་ཏུར་ཀི་སི་ཐན། ཧྥ་ལོང་ཀོང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པ། རྒྱ་རིགས་མང་གཙོ་དོན་གཉེར་བའི་གནད་དོན་སོགས་ཕྱོགས་ཡོངས་ནས་རྒྱ་གཞུང་ལ་འབ་སུ་མ་འདུས་པའི་གནས་ཚུལ་མང་པོ་ཡོད་པས། སྔ་ཕྱི་ཙམ་མ་གཏོགས་ཕྱི་རྫིག་དོན་སྟོང་གི་གནས་སྟངས་འདི་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་ངེས་པ་རེད།
མདོར་ན་ད་ལན་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་བརྗོད་མིན་ལ་མ་ལྟོས་པར་ཞིས་ཅིན་ཕིན་གྱི་ཁ་ནས་“མི་མང་གིས་དམར་ཤོག་ཚོགས་པ་དེ་མགོ་རྟིང་སློག་གི་རེད།”ཅེས་སྐད་ཆ་འདི་ཐོན་ཡོང་དུས། སེམས་གཏིང་ནས་ཞེད་སྣང་ཞིག་ཡོད་པ་ཕྱིར་མངོན་ཡོང་བ་རེད། གོང་དུ་བརྗོད་པ་བཞིན་རྒྱ་གཞུང་ནི་མི་མང་གི་ལངས་ཕྱོགས་དང་རེ་བ་ལ་གཏན་ནས་མི་བསྟུན་པ་དང་། བསྟུན་མི་དགོས་པའི་སྲིད་གཞུང་ཞིག་ཡིན་པ་དང་། ཕྱི་ལོ་༡༩༨༩ ལོའི་ཡར་ལངས་སྐབས་དྲག་མཚོན་ཁོ་ན་ལ་བརྟེན་ནས་ཐག་གཅོད་བྱས་ཡོད་པས། ད་ལྟའང་དེ་ལྟ་བུ་བྱེད་པར་ངོ་ཚ་ཞེ་ཁྲེལ་གང་ཡང་བྱེད་སྲིད་ཀྱི་མ་རེད། འོན་ཀྱང་དབང་ཆའི་འཐབ་རྩོད་ཀྱི་ལས་འགུལ་ཁྲོད་ནས་གཞུང་གི་གནད་ཡོད་དང་ལས་བྱེད་ལངས་ཕྱོགས་མི་མཐུན་པ་མང་པོས་སྣེ་ཁྲིད་ནས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ན་རྒྱ་གཞུང་མགོ་རྟིང་སློག་མི་སྲིད་པ་མ་རེད་ལ། ལོ་རྒྱུས་ཀྱི་ནང་དུའང་རྒྱ་གཞུང་མི་མང་གིས་མགོ་རྟིང་བསློགས་པའི་ལོ་རྒྱུས་མང་པོ་ཡོད་པས་ད་ལན་ཞིས་ཀྱི་སྐད་ཆ་དེ་ལ་བསམ་བློ་གཏོང་རྒྱུ་མང་པོ་ཡོད་པ་ཞིག་ཏུ་གྱུར་ཡོད།།
