གྲོས་ཚོགས་ཚོགས་དུས་དགུ་པ་མཇུག་བསྡོམ།

དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་ཡོངས་སུ་གྲུབ་པ་དང་།  སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་ཀྱི་གསུང་བཤད་གནང་དོན་དུ། དེ་རིང་གྲོས་ཚོགས་འདིའི་ལས་རིམ་གཙོ་བོ་དེ་བཙན་བྱོལ་བོད་གཞུང་གི་༢༠༡༠ དང་༢༠༡༡ གི་སྔོན་རྩིས་གཏན་འབེབས་བྱེད་རྒྱུ་དེ་རེད། དེའི་ཐོག་ལ་དུས་ཚོད་རྒྱ་བསྐྱེད་ཀྱིས་ལས་ཁུངས་རེ་རེ་བྱས་ནས་གཏན་འབེབས་བྱས་པ་དང་། སྤྱི་འཐུས་རྣམ་པ་ཚོས་དེའི་ཐོག་ལ་འགན་འཁུར་ནས་ལས་དོན་ཡག་པོ་ཞེ་དྲག་བསྒྲུབས་སོང་ལ། དེ་བཞིན་བཀའ་བློན་དང་བཀའ་ཤག་གི་ངོས་ནས་ཡིན་ནའང། སྔོན་རྩིས་ཀྱི་གསུང་བཤད་དེ་སྔར་དང་མི་འདྲ་བར་རྒྱས་པོ་གནང་སོང། དེ་རིང་ཡིག་ཆ་དེར་ཞིབ་མོ་བལྟ་དགོས་ནའང་བལྟ་ཆོག་ཆོག མ་འོངས་པར་མི་མང་ལ་འགྲེལ་བཤད་རྒྱག་དགོས་ནའང་རྒྱག་ཆོག་ཆོག་གནང་བ་དེར། ཚོགས་གཙོའི་ངོས་ནས་སྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གྲོས་ཚོགས་ལ་སྔོན་རྩིས་དང་འབྲེལ་ཡོད་ཀྱི་ལས་འགན་གནང་ཡོད་པ་ཆ་ཚང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང།
ཁོང་གིས་མུ་མཐུད་ནས། ༧གོང་ས་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ནང་གསུང་འཕྲིན་རིན་པོ་ཆེ་གནང་ཡོད་པར་ཐུགས་རྗེ་ཆེ་ཞུ་བའི་གྲོས་འཆར་ལ། སྤྱི་འཐུས་ཚང་མས་དགོངས་འཆར་ལྷུག་པོ་གནང་ཡོད་པ་དང་། དགོངས་འཆར་གསུང་པའི་སྐབས་ཏོག་ཙམ་མཐུན་མ་མཐུན་ཡོང་གི་ཡོད་པ་དེ་མང་གཙོའི་འགྲོ་སྟངས་ཡིན་ཞིང་། སྤྱི་འཐུས་མང་ཆེ་བས་གསུང་འཕྲིན་ལ་འགན་འཁུར་ནས་བགྲོ་གླེང་གི་ཆ་ཤས་བླངས་སོང་བས་ཡག་པོ་བྱུང་སོང། ལྷག་པར་དུ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གསུང་འཕྲིན་དང་འབྲེལ་བའི་གནད་དོན་ཁག་ལ། གསལ་བཤད་རྒྱས་པོ། གཏིང་གཟབ་པོ། གསལ་པོ་ཕེབས་ཡོད་པ་དེ་ལ། ཚོགས་གཙོའི་ངོས་ནས་འཛིན་སྐྱོང་བཀའ་ཤག་དང་ལྷག་པར་དུ་དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་ལ་ཐུགས་རྗེ་ཞེས་ཞུ་རྒྱུ་ཡིན་ཞེས་དང་། ༧རྒྱལ་བ་རིན་པོ་ཆེའི་གསུང་འཕྲིན་ནང་ཡོད་པ་དང། སྤྱི་འཐུས་མི་ཉུང་བ་ཞིག་གིས་ཉན་ཞིབ་གནང་དགོས་རེད་གསུངས་པ་ནང་བཞིན། ཚོགས་གཙོ་གཉིས་ཀྱིས་འགན་འཁུར་ནས་ཉན་ཞིབ་གནང་པ་རེད་ལ། ཉན་ཞིབ་དེའང་ལོ་རྒྱུས་དང་ལྡན་པའི་ཉན་ཞིབ་ཅིག་ཆགས་ཡོད་པ་རེད། ཉན་ཞིབ་དེ་ཉན་ཞིབ་རང་གི་ངོ་བོའི་ཐོག་ནས་གནས་ཐུབ་ཡོད་མེད་གང་ལྟར་ཡང་། ཉན་ཞིབ་དེ་༧གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེ་གཅིག་པུ་མ་ཡིན་པར། གནད་དོན་གཞན་པ་ལའང་ཁ་གསལ་པོ་ཞེ་དྲག་བཟོ་ཐུབ་སོང་བསམ་བྱུང། ཉན་ཞིབ་དེ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཀའ་བློན་ཁྲི་ཟུར་དང་བཀའ་ཟུར་རྣམ་པ་ཚོ་གདན་འདྲེན་ཞུ་ཐུབ་པ་དང། ང་ཚོས་ཡིན་གཅིག་ཕེབས་དགོས་རེད་ཅེས་བཀོད་ཁྱབ་བཏང་མེད་ལ། འབོད་སྐུལ་གྱི་ངོ་བོ་ལྟ་བུས་མཉམ་ཞུགས་ཡོང་བར་ཞེས་ཞུས་པ་ཡིན། དེ་ཡང་དུས་ཚོད་ཐུང་ཐུང་ནང་གོ་སྒྲིག་ཞུས་ཡོད་པས། ཕྱི་རྒྱལ་ནང་གི་བཀའ་ཟུར་སྤྱི་ཟུར་རྣམས་གདན་འདྲེན་ཞུ་ཐུབ་མ་སོང་། ང་ཚོས་མགྲོན་འབོད་ཞུས་པ་བཀའ་ཟུར་༡༣ ནང་ནས། ཁྲི་ཟུར་གཅིག་དང་བཀའ་ཟུར་གཉིས་བཅར་ཐུབ་ཡོད་མ་རེད། དེ་ཡང་བདེ་པོ་མེད་པའི་གནས་སྟངས་རེད་མ་གཏོགས་བཅར་འདོད་མེད་པ་རྩ་བ་ནས་མ་རེད། ཚོགས་དྲུང་ལས་ཁུངས་སུ་འབྲེལ་བ་གནང་ནས་བཅར་མ་ཐུབ་པའི་རྒྱུ་མཚན་འགྲེལ་བརྗོད་གནང་སོང། དངོས་སུ་ཁྲི་ཟུར་བཀའ་ཟུར་བསྡོམས་༡༠ ཕེབས་ཡོད་པའི་ནང་ནས། བརྒྱད་ཀྱིས་སོ་སོའི་དགོངས་ཚུལ་གསལ་པོ་གསུངས་ཡོད་པ་རེད་ཅེས་གསུངས་སོང།
དེ་བཞིན་ཁོང་གིས་ལོ་སྔོན་མའི་གྲོས་ཚོགས་མཇུག་བསྡོམས་མ་ཐུབ་པའི་དཀའ་ངལ་དེ། ད་ཐེངས་སྒྲིག་གཞི་བསྐྱར་བཅོས་ཀྱི་འོག་ནས་འགྲོ་ཐུབ་པ་བྱུང་བ་དེ་ཧ་ཅང་ཡག་པོ་བྱུང་ཡོད་སྐོར་དང་། མ་འོངས་པའི་བཀའ་ཁྲི་བསྟུད་མར་སྡོད་དགོས་པའི་བསམ་ཚུལ་རྣམས། ཞུགས་མོལ་ཚོགས་འདུའི་སྐབས་སྤྱི་འཐུས་ཚོས་གྲོས་ཐག་བཅད་ནས། གྲོས་ཚོགས་སུ་གནང་མེད་པ་ལས་མི་མང་གི་བསམ་ཚུལ་བདག་པོ་མ་བརྒྱབ་པ་མིན་སྐོར། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གསུང་འཕྲིན་རིན་པོ་ཆེ་དང་འབྲེལ་ནས་གྲོས་ཆོད་བཞག་ཡོད་པ་རྣམས་གཟི་བརྗིད་ཆེན་པོ་དང། མ་འོངས་པར་དེ་དེ་བཞིན་ལག་བསྟར་ཐུབ་དགོས་པའི་སྐོར། རྗེས་མའི་གྲོས་ཚོགས་མ་འཚོགས་པའི་སྔོན་ལ་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་འཁེལ་ཡོད་པས། ཚང་མ་ལྷོ་ཕྱོགས་སུ་མཇལ་འཕྲད་ཡོང་རྒྱུ་ཡིན་པ་དང་དེའི་ཞོར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། བོད་གཞིས་བྱེས་གཉིས་ཀྱིས་ཚབ་ཞུས་ནས་༧གོང་ས་མཆོག་ལ། ཕྱི་ཟླ་༩ པའི་ཚེས་༡ ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དེ། ༧གོང་ས་མཆོག་ནས་ཞལ་བཞེས་གནང་ཟིན་པ་དང། ད་ཐེངས་ཀྱི་གྲོས་ཚོགས་ཀྱི་ཕྱག་ལས་གནང་སྟངས་དེ་ལ་བལྟས་ན་བརྟན་བཞུགས་ངོ་མ་དེ་ཆགས་ཡོད་སྐོར་གྱི་གསུང་བཤད་གནང་ནས། དུས་ཚོད་ངེས་མེད་བར་ཚོགས་སེང་བཞག་ཡོད་པ་རེད།།