སྤྱི་འཐུས་མང་དུ་གཏོང་རྒྱུའི་ཁྲིམས་ཆར་གཏན་འབེབས་མ་ཐུབ་པ།

ཟླ་འདིའི་ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང། ཚོགས་གཞོན་རྒྱ་རི་སྒྲོལ་མ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་དང། སྐབས་དེར་གསར་འགོད་པས། གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་བོད་མིའི་གནས་སྡོད་བྱེད་སའི་ཕྱི་རྒྱལ་ཁག་ཏུ་སྤྱི་འཐུས་མང་དུ་གཏོང་རྒྱུར་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་ཡོན་ནའང། གྲོས་ཚོགས་ནང་རྒྱབ་སྐྱོར་མ་ཐོབ་པ་དེའི་ཐོག་དགོངས་ཚུལ་གང་ཡོད་ཅེས་དྲིས་པར།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། ཨ་རིར་སྤྱི་འཐུས་གཅིག་མང་དུ་གཏོང་རྒྱུ་དང། ཨ་རི་དང་ཡུ་རོབ་དང། རྒྱ་བལ་འབྲུག་གསུམ་ཕུད་པའི་ས་ཁུལ་གཞན་པར་སྤྱི་འཐུས་གཅིག་ཡོད་པ་བཟོ་མ་ཐུབ་པའི་གནས་སྟངས་དེ། གཅིག་ནས་ཚོགས་དུས་འདི་ཆ་ཚང་ལ་སྤྱི་འཐུས་༧ དགོངས་པ་ཞུས་ཡོད་པ་རེད། ཨ་རིར་སྤྱི་འཐུས་མང་དུ་གཏོང་རྒྱུར་སྤྱི་འཐུས་༢༦ གིས་རྒྱབ་སྐྱོར་བྱས་པ་རེད་མོད། རྩ་འབོར་གྱིས་སུམ་ཆ་གཉིས་སྤྱི་འཐུས་༢༨ ཀྱིས་རྒྱབ་སྐྱོར་དགོས་པས་གཏན་འབེབས་མ་ཐུབ་པ་རེད། སྤྱི་འཐུས་༧ དེ་ཕེབས་ཡོད་ན་ཨ་རིའི་སྤྱི་འཐུས་མང་དུ་གཏོང་རྒྱུར་ཕན་ཐོགས་ཀྱི་རེད། གྲོས་ཚོགས་བསྟུད་མར་ཐེངས་གཉིས་ལ་མ་བཅར་ན་གྲོས་ཚོགས་ནས་རང་བཞིན་གྱིས་ཕྱིར་འབུད་འགྲོ་ཡི་ཡོད་པས། ཁ་ཤས་གྲོས་ཚོགས་ལ་ཕེབས་ནའང། བརྒྱ་ཆ་ཚང་ཙམ་རིང་བཞུགས་ནས་ཕེབས་འགྲོ་མཁན་ཡང་ཡོད་པ་རེད། དེ་ཚོ་མི་མང་གིས་བདམས་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས་སོ་སོའི་ལས་འགན་ག་ཚོད་འགྲུབ་ཀྱི་ཡོད་སོ་སོས་བསམ་བློ་གཏོང་དགོས་པ་རེད། རྩ་བའི་གྲོས་ཚོགས་སུ་ཕེབས་མ་ཐུབ་པའི་སྤྱི་འཐུས་ཚོར་སོ་སོར་ལྡོག་ཏུ་མེད་པའི་རྒྱུ་མཚན་ཡོད་ཀྱི་རེད་མོད། གྲོས་ཚོགས་ཀྱི་ཚོགས་བརྡ་དེ་ཉུང་མཐར་ཟླ་བ་གཉིས་ཀྱི་སྔོན་ནས་གཏོང་གི་ཡོད་པས། དེ་ལ་བསྟུན་ནས་ལས་རིམ་སྒྲིག་དགོས་པ་གལ་ཆེན་པོ་རེད། གྲོས་ཆོད་དེ་འཇོག་པའི་ཉིན་དེར་གྲོས་ཚོགས་ནང་སྤྱི་འཐུས་ཚོགས་གཙོ་བརྩིས་པའི་༣༣ ལས་ཡོད་པ་མ་རེད། ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་འོས་བླུག་ཆོག་གི་མ་རེད། བཅའ་ཁྲིམས་གཏན་འབེབས་ལ་སྤྱི་འཐུས་༢༨ ཀྱིས་རྒྱབ་སྐྱོར་དགོས་པས། མི་བཞིས་དགག་པ་བརྒྱབ་ནའང། གཏན་འབེབས་བྱེད་ཐུབ་ཀྱི་ཡོད་པ་རེད།
ཨ་རི་དང་ཡུ་རོབ། རྒྱ་བལ་འབྲུམ་གསུམ་ཕུད་པའི་སྤྱི་འཐུས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་མཁན། ཕྱི་རྒྱལ་ཡུལ་གྲུ་ཁག་ཨོ་སི་ཁྲི་ལི་ཡ་དང། ཉི་ཧོང། ཐེ་ཝན་སོགས་རྒྱལ་ཁབ་མང་པོའི་ནང་བོད་པ་ཡོད་པས་དེ་ཚོར་ཐོབ་ཐང་ཞིག་སྤྲོད་ཐུབ་ན་བསམས་ནས་ཁྲིམས་འཆར་ཁྱེར་ཡོང་བ་རེད། དེ་ཚོར་ཐོབ་ཐང་དགོས་ཀྱི་འདུག་ཅེས་སྤྱི་འཐུས་ཚང་མས་གསུང་གི་ཡོད་པ་རེད་མོད། ཨ་རི་དང། ཁ་ན་ཌ། ཡུ་རོབ། རྒྱལ་བལ་འབྲུག་གསུམ་ཕུད་པའི་ས་གནས་ཁག་ཏུ་སྤྱི་འཐུས་གཅིག་དགོས་ཀྱི་འདུག་ཅེས་ཐོབ་ཐང་སྤྲོད་སྟངས་གཅིག་རེད། དེ་བཞིན་ཁོང་ཚོས་རྒྱ་བལ་འབྲུག་གི་ནང་གི་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ཐོག་འོས་བླུག་རྒྱུ་དེ་ཐོབ་ཐང་སྤྲོད་སྟངས་གཅིག་རེད་མོད། དེ་འདྲ་བྱས་ན། གཅིག་ནས། བཅའ་ཁྲིམས་ཀྱི་སྙིང་དོན་དེ་ཏག་ཏག་མཐུན་གྱི་མི་འདུག་ལ། ཨོ་སི་ཁྲི་ལི་ཡ་དང། ཐེ་ཝན་སོགས་ནས་སོ་སོའི་ས་གནས་ནས་འཐུས་མི་ཞིག་དགོས་པའི་བསམ་ཚུལ་འབྱུང་གི་ཡོད་པ་ལས། ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ནང་འོས་བླུགས་དགོས་ཀྱི་འདུག་ཟེར་གྱི་ཡོད་པ་མ་རེད། དེ་ཚོར་ད་དུང་སྤྱི་འཐུས་ཀྱི་འོས་བླུག་རྒྱུའི་ཐོབ་ཐང་ཡོད་པ་མ་རེ་ཅེས་ཁྲིམས་འཆར་དེ་གཏན་འབེམས་མ་ཐུབ་པའི་བརྒྱུད་རིམ་སོགས་གསུངས་ཡོད་པ་རེད།།