བལ་ཡུལ་གྱི་སྲིད་བློན་ཟུར་པ་འདས་གྲོངས།
 དེ་ཡང་ཟླ་འདིའི་ཚེས་༢༢ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་བློན་ཟུར་པ་ཀའོ་རཱ་ལཱ་མཆོག་གིས་དུས་ཡུན་རིང་པོར་ཆབ་སྲིད་ཀྱི་ལས་དོན་བསྒྲུབས་ཡོད་པ་དང། དམིགས་སུ་བཀར་ནས་བལ་ཡུལ་དུ་རྒྱལ་པོའི་རིང་ལུགས་ཀྱི་སྟངས་འཛིན་རྙོག་འཛིང་ཅན་དེ་མགོ་རྟིང་སློག་མཁན་གཙོ་བོ་དང། བལ་ཡུལ་དུ་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་གནང་སྟེ། མང་གཙོའི་ལམ་ལུགས་དར་སྤེལ་གཏོང་མཁན་གཙོ་བོ་ཞིག་ཆགས་ཡོད་པ་རེད།    སྐུ་ཕུང་དུར་འཇུག་སྐབས་བལ་ཡུལ་ཀོང་རི་སིའི་དར་ཆས་མདུན་བསུས་ནས། མི་མང་སྟོང་ཕྲག་མང་པོ་རུ་བསྒྲིགས་ཏེ་བལ་ཡུལ་རྒྱལ་སའི་ཁྲོམ་གཞུང་ཆེ་ཁག་ཏུ་བསྐོར་བསྐྱོད་བྱས་ཡོད་པ་རེད། ལ་ལས་ང་ཚོ་ཕ་མ་མེད་པར་གྱུར་སོང་ཟེར་བ་དང། ལ་ལས་ང་ཚོ་མགོན་མེད་སྐྱབས་མེད་གྱུར་སོང་ཟེར་བ་སོགས་ངུ་འབོད་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་པ་དང། ཁོང་འདས་གྲོངས་སུ་གྱུར་པའི་རྐྱེན་གྱིས། དེང་སྐབས་བལ་ཡུལ་རྒྱལ་ཁབ་ཏུ་ཆབ་སྲིད་མི་སྣ་དང། ཆབ་སྲིད་ཚོགས་པ་ཆེ་ཁག་དབར་ནང་འཁྲུག་གི་རྙོག་འཛིང་ཡོང་སྲིད་པའི་འཇིགས་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་འདུག
 དེ་དང་བསྟུན་ནས་བལ་ཡུལ་གནས་སྡོད་བོད་མི་ཚོས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ། སྲིད་འཛིན་ཟུར་པའི་འདས་མཆོད་སྨོན་ལམ་གཞི་རྒྱ་ཆེ་ཙམ་བྱས་ཡོད་པ་དང། དེ་བཞིན་བལ་ཡུལ་བོད་གཞུང་སྐུ་ཚབ་དོན་གཅོད་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས། སྲིད་བློན་ཟུར་པ་ཁོང་ནི་ཆོས་སྲིད་དབྱེར་མེད་ཐོག མི་མང་གི་བདེ་སྡུག་ལ་ལྷག་བསམ་རྣམ་དག་གིས་རོགས་རམ་བྱེད་མཁན། ཆབ་སྲིད་མི་སྣ་སྙན་གྲགས་ཅན་ཞིག་ཡིན་པའི་སྐོར་ཡུལ་དེའི་བརྒྱུད་ལམ་ཁག་ཏུ་གསུངས་ཡོད་པ་རེད།།

