བཀྲ་ཤིས་རབ་བརྟན་གྱིས་རང་སྲེག་རྒྱ་རྒོལ་བྱས།

ཟླ་འདིའི་ཚེས་༨ ཉིན་གྱི་དགོང་མོ་ཨ་མདོ་རྨ་ཆུ་རྫོང་ཐོག་ཏུ་བོད་མི་བཀྲ་ཤིས་རབ་བརྟན་གྱིས་རྒྱ་ནག་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ཡོད་པ་དང་། ད་ལྟ་ཁོང་གི་ནང་མི་གཉེན་ཉེ་ཁག་ཅིག་རྒྱ་ནག་ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག

15400432_1109050705859655_8518593248243384274_nཟླ་འདིའི་ཚེས་༩ དགུང་མོ་དྷ་སར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་ས་གནས་གཞོན་ནུ་ཚོགས་པ། ས་གནས་བུད་མེད་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག མི་མང་གི་མར་མེའི་ཁྲོམ་སྐོར་ཞིག་བྱས་པ་དང་། དེར་མདོ་སྨད་དབུས་རྒྱུན་ཁྲི་སྲུང་གིས་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད།

བཀྲ་ཤིས་རབ་བརྟན་གྱིས་བོད་མདོ་སྨན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཐོག་གི་རྨ་ཆུའི་ལམ་ཟེར་དེར་རང་སྲེག་རྒྱ་རྒོལ་བྱས་པ་དང་། ཁོང་གིས་རང་སྲེག་རྗེས་རྒྱ་ནག་གི་ཉེན་རྟོག་པས་ཁྱེར་ཡོད་འདུག ཁོང་གྲོངས་ཡོད་མེད་ཁ་གསལ་མེད་ནའང་མེས་ཤུགས་ཆེན་ཚིགས་ཡོད་པས། གྲོངས་ཟིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག ནང་མི་འབྲེལ་ཡོད་ཚོ་ཁོང་གི་ཕུང་པོ་ལེན་དུ་འགྲོ་སྐབས་ཁོང་གི་གཉེན་ཉེ་དེ་སྔོན་རང་སྲེག་ངོ་རྒོལ་བ་ཚེ་རིང་སྐྱིད་ཀྱི་ཕ་བསོད་ནམས་ཡེ་ཤེས་སོགས་འབྲེལ་ཡོད་ཁག་ཅིག་ཉེན་རྟོག་པས་བཀག་ཉར་བྱས་པ་མ་ཟད། ཁོང་གི་བཟའ་ཟླ་དང་ཕྲུ་གུ་ཡང་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག

བཀྲ་ཤིས་རབ་བརྟན་གྱིས་རང་སྲེག་ངོ་རྒོལ་བྱེད་ས་དེ་སྔོན་མ་ཚེ་རིང་སྐྱིད་ཀྱིས་རང་ལུས་མེར་སྲེག་གི་རྒྱ་རྒོལ་གནང་སའི་ས་གནས་དང་གཅིག་པ་ཡིན་པ་དང་། ཁོང་གཉིས་ཀྱི་ཕ་སྤུན་མཆེད་ཡིན་འདུག

བཀྲ་ཤིས་རབ་བརྟན་ལགས་ནི་རྨ་ཆུ་རྫོང་གི་ཁྲོ་ཁོ་སྨད་མ་ནས་ཡིན་པ་དང་།   ཁོང་གི་ཕའི་མིང་བསྟན་བྷེ་དང་ཨ་མའི་མིང་ལ་སྒྲོལ་དཀར་ཡིན་འདུག

ཁོང་རང་སྲེག་གི་བརྙན་འཕྲིན་ཞིག་ཕྱི་ལ་འབྱོར་བའི་ནང་རང་ལུས་མེར་སྲེག་གི་འཁྲིས་སུ་བུད་མེད་ཅིག་གིས་༧རྒྱལ་བ་བསྟན་འཛིན་རྒྱ་མཆོ་མཁྱེན་ཞེས་གསོལ་འདེབས་བྱས་པའི་སྒྲ་གསལ་པོ་གོ་རྒྱུ་ཡོད་པ་རེད།

དེ་བཞིན་བརྙན་གཅིག་གི་ནང་དུ་རྒྱ་ནག་གི་ཉེན་རྟོག་པ་སླེབས་ནས་རང་སྲེག་མཁན་གྱི་ཕུང་པོ་འཁྱེར་ཡོད་པ་ཡང་གསལ་པོ་ཡོད་པ་རེད།

གསར་འགོད་པ་ཆོས་ཉིད་འོད་ཟེར།